ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢ རེས་གཟའ་ཟླ་བ།
༄༅། །འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ ༣༨ སུད་སི་ཇི་ནི་ཝར་འཚོགས་བཞིན་པ་དང་བསྟུན། ཡུ་རོབ་སྤྱི་མཐུན་ཚོགས་པ་དང་འཇར་མན་རྒྱལ་ཁབ་གཉིས་ཀྱི་སྐུ་ཚབ་རྣམ་པས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གླེང་སློང་གནང་ཡོད་པ་མ་ཟད། རྒྱ་གཞུང་གི་བཙོན་འོག་ཏུ་ཡོད་པའི་བོད་ཀྱི་སྐད་ཡིག་ཐོབ་ཐང་རྩོད་ལེན་པ་བཀྲ་ཤིས་དབང་ཕྱུག་ལགས་མགྱོགས་མྱུར་ངང་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་ཞུས་འདུག
དེ་ཡང་ཡུ་རོབ་སྤྱི་མཐུན་ཚོགས་པ་དང་འཇར་མན་རྒྱལ་ཁབ་གཉིས་ཀྱི་སྐུ་ཚབ་རྣམ་པས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་། སྨྲ་བརྗོད་རང་དབང་། དྲང་བདེན་གྱི་ཐག་གཅོད་རང་དབང་སོགས་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པར་བློ་འཚབ་ཡོད་པ་བརྗོད་འདུག
འཇར་མན་རྒྱལ་ཁབ་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཊི་ཝི་ཊར་ Twitter དྲ་ཐོག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཡུ་རོབ་སྤྱི་མཐུན་ཚོགས་པས་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་དང་ཆོས་དད་རང་དབང་། སྨྲ་བརྗོད་རང་དབང་། དེ་བཞིན་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་སོགས་ལ་བརྩི་བཀུར་བྱེད་དགོས་པ་མ་ཟད། བོད་ཀྱི་སྐད་ཡིག་ཐོབ་ཐང་རྩོད་ལེན་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གཙོས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་དང་ཁྲིམས་རྩོད་པ་སོགས་བཙོན་འཇུག་དང་དྲང་བདེན་མེད་པར་ཁྲིམས་ཐག་བཅད་པ་སོགས་ལ་བློ་འཚབ་ཡོད། ཅེས་དང་། ཡུ་རོབ་སྤྱི་མཐུན་ཚོགས་པས་རྒྱ་ནག་གཞུང་ལ་རྒྱ་གཞུང་གིས་མགྱོགས་མྱུར་ངང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་སོགས་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་ཞུས་པ་དང་སྦྲགས། ཁོང་རྣམ་པས་བཙོན་ཁང་ནང་ནས་མནར་གཅོད་མྱོང་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་ན། དེར་དཔྱིས་ཕྱིན་པ་ཞིབ་འཇུག་གནང་དགོས་པའི་རྒྱ་ནག་གཞུང་ལ་འབོད་སྐུལ་ཞུས་འདུག
འཇར་མན་རྒྱལ་ཁབ་ཀྱིས་རྒྱ་ནག་གཞུང་ལ་རྒྱལ་གཅེས་ཆོས་གཅེས་སློབ་གསོ་དེ་གང་མགྱོགས་མཚམས་འཇོག་གནང་དགོས་པ་མ་ཟད། བོད་ཀྱི་སྐད་ཡིག་ཐོབ་ཐང་རྩོད་ལེན་པ་བཀྲ་ཤིས་དབང་ཕྱུག་ལགས་ཚུད་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་དང་ཁྲིམས་རྩོད་པ་སོགས་གློད་བཀྲོལ་དགོས་པ་དང་། དེ་བཞིན་རྒྱལ་ཚོགས་ཀྱི་ཁྲིམས་ལུགས་འགྲོ་སྟངས་ཁག་ལ་བསྟུན་དགོས། ཞེས་བརྗོད་འདུག
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ ༣༨ པ་དེ་བཞིན་ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༦ ཉིན་མཇུག་སྒྲིལ་གྱི་ཡོད་པ་བཅས། །