ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢༥ རེས་གཟའ་ལྷག་པ།
༄༅། །འདི་གའི་སྤྱི་ཁྱབ་རྩོམ་སྒྲིག་པ་ངག་དབང་ཐོགས་མེད་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཟངས་དཀར་ནང་རྟེན་གཞི་བྱས་པའི་ལམ་སྒྲོན་སློབ་གྲྭའི་དགེ་ལས་སློབ་ཕྲུག་རྣམས་ལ་བཀའ་སློབ་སྩལ་ཡོད།
དེ་ཡང་ཐོག་མར་སློབ་གྲྭའི་འབྲེལ་ཡོད་འགན་འཛིན་ནས་ངོ་སྤྲོད་ཀྱི་གསུང་བཤད་གནང་སྐབས་མགོན་པོ་གང་ཉིད་མཆོག་དེ་སྔ་ཐེངས་གསུམ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་པ་དང་། ལམ་སྒྲོན་སློབ་གྲྭ་དེ་ཉིད་ཕྱི་ལོ་ ༡༩༨༦ ལོར་ཐོག་མར་དབུ་བརྙེས་ཤིང་། གྲངས་ཉུང་མི་རིགས་ཚུལ་དུ་ཁ་ཆེའི་སློབ་ཕྲུག་གཉིས་ལ་ལོ་ལྟར་སློབ་འཇུག་ཕུལ་བཞིན་ཡོད་པ། སློབ་གྲྭ་དེ་དབུ་བརྙེས་པ་ནས་བཟུང་ད་བར་སློབ་ཕྲུག་ ༨༧༠ ཙམ་སློབ་མཐར་སོན་པ་དང་། སློབ་མ་ ༨༧ ཙམ་ཟངས་དཀར་ཡུལ་ལྗོངས་གཞུང་གི་ལས་བྱེད་གནང་མུས་ཡིན་སྐོར་སོགས་སྙན་སྒྲོན་ཞུས།
དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སློབ་གྲྭའི་ནང་བོད་པའི་སློབ་སྤྱི་དང་དགེ་རྒན་གཉིས་ཡོད་པར་བསྔགས་བརྗོད་མཛད་རྗེས་བཀའ་སློབ་སྩལ་དོན། ཧི་མ་ལ་ཡ་རི་རྒྱུད་དེ་དག་ང་ཚོ་བོད་དང་ཆོས་རིག་གཞུང་གཅིག་གྱུར་ཆགས་ཡོད། དེར་བརྟེན་བོད་པ་ཞིག་ཡིན་པའི་ངོས་ནས་ལས་འགན་ཡོད་པ་ལྟ་བུ་འདུག ས་ཁུལ་འདི་དག་ནང་ཤེས་ཡོན་ཡར་རྒྱས་གཏོང་རྒྱུ་དང་བོད་ཡིག་སློབ་ཁྲིད་བྱེད་རྒྱུ་དེ་ཚོའི་ཐོག་ཤུགས་རྒྱག་རྒྱུ་གང་ལྟར་བོད་པ་ཞིག་ཡིན་པའི་ངོས་ནས་སེམས་ཁུར་བླངས་དགོས་པ་ཞིག་རེད་འདུག
ཧི་མ་ལ་ཡ་རི་ཁུལ་དེ་དག་རང་དབང་ཡོད་པ་བྱས། དོ་དག་སོ་སོའི་ངོས་ནས་འབད་བརྩོན་བྱས་པ་ཡིན་ན་རང་དབང་ཐོག་ནས་བོད་ཀྱི་ཆོས་དང་རིག་གཞུང་དེ་དག་ཐོས་བསམ་སྒོམ་གསུམ་བྱ་རྒྱུའི་གོ་སྐབས་ཡོད། ང་ཚོ་སོ་སོའི་ལུང་པར་མཚོན་ན་ད་ལྟའི་གནས་སྐབས་སུ་དཀའ་ངལ་ཡོད་པ་ཞིག་རེད། རིམ་བཞིན་འགྱུར་བ་འགྲོ་རྒྱུ་རེད། ལོ་གཉིས་གསུམ་ནང་འགྱུར་བ་འགྲོ་རྒྱུར་ཕལ་ཆེར་ཚོད་ཐིག་བཞིན་འདུག ཉིན་ཤས་གོང་ཤྲི་ན་གར་ནས་བོད་པའི་ཁ་ཆེ་ཞིག་རྡ་སར་ངོས་རང་ཐུག་ཏུ་བསླེབས་བྱུང་། ལྷ་སའི་སྐད་ཧ་ཅང་བདེ་པོ་རྒྱག་བཞིན་འདུག ངོས་ལ་རིན་པོ་ཆེ་ང་ཚོ་ལྷ་སར་ག་དུས་སླེབ་རྒྱུ་རེད། ཅེས་དྲིས་བྱུང་།
སྙིང་རྗེ་བོད་པ་ཁ་ཆེ་ཚུན་ཆད་ནས་ཀྱང་སོ་སོའི་ལུང་པ་བྲལ་ནས་ལོ་མང་ཕྱིན་ཡང་མ་རྗེད་པ་བྱས་ནས་དྲན་བཞིན་ཡོད། འགྱུར་བ་ཏན་ཏན་འགྲོ་རྒྱུ་རེད། ཧི་མ་ལ་ཡ་ས་ཁུལ་འདི་དག་བོད་ཀྱི་ནང་པའི་ཆོས་ཆགས་ཡོད། བོད་ཀྱི་ནང་པའི་ཆོས་ཀྱི་རྩ་བ་ཐུག་ས་དེ་བཀའ་འགྱུར་བསྟན་འགྱུར་ཆགས་ཡོད། བཀའ་འགྱུར་བསྟན་འགྱུར་ནང་ཡོད་པའི་ཡི་གེ་བོད་ཡིག་རེད། འབྲས་ལྗོངས་བ་ཚོས་འབྲས་ལྗོངས་པའི་སྐད་ལ་འགྱུར་དགོས་ཡོད་ཟེར་བ་ལྟ་བུ། ཡང་ལ་དྭགས་འགའ་ཤས་ཀྱི་ལ་དྭགས་སྐད་ནང་འགྲོ་དགོས་ཡོད་ཟེར་མཁན་དེ་བྱུང་བ་རེད། སྐབས་དེར་ངོས་ཀྱིས་བཀའ་འགྱུར་བསྟན་འགྱུར་པོ་ཏི་གསུམ་བརྒྱ་ཆ་ཚང་ལ་དྭགས་སྐད་ནང་བསྒྱུར་ཐུབ་རྒྱུ་མ་རེད། འབྲས་ལྗོངས་སྐད་ནང་བསྒྱུར་ཐུབ་རྒྱུ་མ་རེད། ཅེས་ངོས་ཀྱིས་དེ་འདྲ་ཤོད་བཞིན་ཡོད། བཀའ་འགྱུར་བསྟན་འགྱུར་མི་དགོས་ན་དེ་དགའ་རེད། དགོས་པ་ཡོད་ན་བོད་ཡིག་དང་བོད་སྐད་མ་ཤེས་པར་ཐབས་མེད་པ་ཞིག་རེད། དེར་བརྟེན་བོད་སྐད་དང་བོད་ཡིག་སློབ་སྦྱོང་སྤྲོད་རྒྱུར་བོད་རིགས་ཚོར་དམིགས་བསལ་ལས་འགན་ཞིག་ཡོད།
བར་སྐབས་ཤར་མོན་ནས་ནུབ་ལ་དྭགས་བར་དགོན་པ་ཁག་དེ་དག་སློབ་གཉེར་ཁང་ཞིག་བཟོ་དགོས་འདུག ཅེས་ཚོགས་པ་ཞིག་བཙུགས་འདུག དེ་སྔ་ངོས་རང་ལྡི་ལིར་ཐུག་པ་རེད། བསྔགས་བརྗོད་ཆེན་པོ་བྱས་པ་ཡིན། ང་ཚོའི་ཁ་དཔེར། ནུར་བུ་རང་ལ་ཡོད་དུས་ནོར་བུའི་ནོར་ཉམས་མ་ཆོད། ནོར་བུ་གཞན་ལ་ཤོར་དུས་སེམས་པ་གཏིང་ནས་སྐྱོ་བྱུང་། ཞེས་པ་འདི་ལྟར་ཆགས་རྒྱུ་རེད།
ད་ལྟ་བཀའ་འགྱུར་བསྟན་འགྱུར་པོ་ཏི་གསུམ་བརྒྱའི་ནང་ཡོད་པའི་རིག་གནས་དེ་དག་སོ་སོའི་རིག་གནས་རེད། བཀའ་འགྱུར་བསྟན་འགྱུར་ཡོད་སྐབས་དོ་སྣང་དེ་ཙམ་མེད་པ་བྱས། རིམ་བཞིན་བོད་སྐད་རྩ་བ་ནས་རྗེད། བོད་ཡིག་ཁྱོན་ནས་མ་ཤེས་པ་ཞིག་ཆགས་སྐབས་གཞི་ནས་མཁས་དབང་དེ་འདྲས་སངས་རྒྱས་པའི་ལྟ་གྲུབ་སྐོར་ཤོད་སྐབས་གཞི་ནས་འགྱོད་པ་སྐྱེ་རྒྱུ་ཞིག་ཆགས་རྒྱུ་རེད། དེར་བརྟེན་ཁོང་ཚོར་བོད་ཡིག་སློབ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་འདུག
ལ་དྭགས་ས་ཁུལ་ལ་མཚོན་ན་ལོ་ལྔ་བཅུ་དྲུག་ཅུའི་ནང་ཡར་རྒྱས་ཧ་ཅང་ཕྱིན་ཡོད། ཟངས་དཀར་ལ་མཚོན་ནའང་ཡར་རྒྱས་འགྲོ་བཞིན་ཡོད། འདིར་ཤེས་ཡོན་ཡར་རྒྱས་གཏོང་ཆེད་ལམ་སྒྲོན་སློབ་གྲྭ་འདི་བཙུགས་པ་རེད། ཧ་ཅང་ཡག་པོ་རེད། བསྔགས་བརྗོད་ཡོད། ཤེས་ཡོན་ཟེར་བ་དེ་ཆོས་ལུགས་སྐད་ཆ་གང་ཡང་མེད། ཆོས་ལུགས་གང་བྱས་མིན་སོ་སོའི་སྒེར་གྱི་གནས་ཚུལ་རེད། ཤེས་ཡོན་བརྗོད་སྐབས་ཀུན་ལ་ཁྱབ་པ་ཞིག་རེད། ཁྱེད་རང་ཚོས་ལོ་ལྟར་གྲངས་ཉུང་མི་རིགས་ཀྱི་ཚུལ་དུ་ཁ་ཆེའི་སློབ་ཕྲུག་གཉིས་ལ་སློབ་འཇུག་གོ་སྐབས་སྤྲོད་རྒྱུ་འདི་ཧ་ཅང་ཡག་པོ་བྱུང་འདུག སློབ་གྲྭའི་དགེ་ལས་ཡོངས་ལ་མཐུན་རྐྱེན་འཛོམས་པོ་དེ་ཙམ་མེད་ཀྱང་འདིར་བསྡད་ནས་ཕྲུ་གུ་ཚོར་སློབ་སྦྱོང་སྤྲོད་རྒྱུའི་འགན་ཁུར་བླངས་པ་དེར་ངོས་ཀྱིས་རྗེས་སུ་ཡི་རངས་དང་ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན། ཞེས་བཀའ་སློབ་སྩལ་རྗེས་གང་བློ་མའི་ལྗགས་ལུང་སྩལ། །