ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་༡༨ རེས་གཟའ་ལྷག་པ།
༄༅། །རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པས་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡༨ ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཨེ་ཤི་ཡ་མངའ་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཐེངས་བདུན་པའི་ཐོག་མཉམ་ཞུགས་གནང་ཡོད།
དེ་ཡང་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་ཉི་ཧོང་དང་ཤར་ཨེ་ཤི་ཡའི་སྐུ་ཚབ་དོན་གཅོད་ལུང་རྟོགས་ལགས་རྣམ་གཉིས་ཀྱིས་ཉི་ཧོང་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ All Party Japanese Parliamentary Group for Tibet པའི་འགན་འཛིན་ལྷན་ཚོགས་ཀྱིི་ཚོགས་མི་རྣམས་དང་ཐུག་འཕྲད་ཀྱིས་བོད་ནང་གི་ད་ལྟའི་གནས་སྟངས་སྤྱི་དང་། ལྷག་པར་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་གཉིས་སྨན་གྱི་དབུ་མའི་ལམ་སྲིད་བྱུས་དང་། དེའི་རྒྱབ་ལྗོངས་ཀྱི་བྱུང་རིམ་སྐོར་སོགས་ལ་འགྲེལ་བརྗོད་གཟབ་རྒྱས་གནང་།
ཕྱོགས་མཚུངས་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་དང་བོད་རང་བཙན་སློབ་ཕྲུག་ཚོགས་པས་གོ་སྒྲིག་གནང་བའི་ཕྱི་ལོ་ ༢༠༡༨ ལོའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་དེ་ཉིད་ཀྱི་སྙིང་སྟོབས་གཟེངས་རྟགས་ཀྱི་མཛད་སྒོའི་ཐོག་ཆེད་ཕེབས་གནང་ཡོད། ཉི་ཧོང་དང་ཤར་ཨེ་ཤི་ཡའི་སྐུ་ཚབ་དོན་གཅོད་ལུང་རྟོགས་ལགས་ཀྱིས་སྙིང་སྟོབས་གཟེངས་རྟགས་དེ་བཞིན་འཇིགས་བྲལ་གློག་བརྙན་བཟོ་པ་པོ་དོན་གྲུབ་དབང་ཆེན་ལགས་དང་ཁོང་གི་ཕྱག་རོགས་མགོ་ལོག་འཇིགས་མེད་ལགས་རྣམ་གཉིས་ལ་ཕུལ། སྐབས་དེར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་དེ་ཉིད་ཀྱི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་བྱས་རྗེས་དང་། མཐར་དམ་པ་དེ་ཉིད་རྒྱ་གཞུང་གི་བཙོན་འོག་ནས་སྐུ་གཤེགས་པ་སོགས་ཀྱི་སྐོར་གསུང་བཤད་གནང་།
ཉིན་དེའི་དགོང་དྲོ་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་ཤིན་ཇུ་ཀུ་ Shinjuku གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ཇོ་ཨེན་ཇི་ལྷ་ཁང་Joenji Temple དུ་ཉི་ཧོང་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་མི་རྣམས་དང་ཉི་ཧོང་མི་མང་ཁག་གཅིག་ལ་ད་ལྟའི་བོད་ནང་གི་གནས་སྟངས་དང་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་སྲིད་བྱུས་སྐོར་ངོ་སྤྲོད་གསུང་བཤད་གནང་ཡོད།
ཉི་ཧོང་ནང་ནང་རྟེན་གཞི་བྱས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྒྱ་གར་བ་དང་། ཨིན་ཇི། ལྷོ་ཨ་ཕི་རི་ཁ། ཨིན་ཌོ་ནེ་ཤི་ཡ། ཧོང་ཀོང་། ཐའེ་ཝན། ཉི་ཧོང་བཅས་ཐེངས་འདིའི་ཨེ་ཤི་ཡ་མངའ་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཐེངས་བདུན་པའི་སྟེང་མཉམ་ཞུགས་གནང་ཡོད་པ་དང་བཅས། །