ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡༡ རེས་གཟའ་ལྷག་པ།
༄༅། ། འདི་གར་བྱང་ཨ་རི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༧ ཉིན་ནིའུ་ཡོག་དང་ནིའུ་ཇར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་ནིའུ་ཡོག་ཨར་མ་ནི་ཆར་ཆེ་ Armennian Church ཚོགས་ཁང་ཆེ་མོའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༣ ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་མཛད་སྒོ་ཆེན་པོ་ཞིག་ཚོགས་ཡོད་པ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོ་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟབས་རྒྱལ་མཆོག་ཆེད་དུ་གདན་ཞུས་གནང་བ་ལྟར་ཕེབས་ནས་མང་ཚོགས་ལ་གསུང་བཤད་གཟབ་རྒྱས་གནང་བ་དང་།
བཀའ་སློབ་སྙིང་དོན་༸གོང་ས་མཆོག་གིས་ངོས་ཀྱི་སྐྱེས་སྐར་གྱི་ལག་རྟགས་ཡག་ཤོས་དེ་སེམས་བཟང་པོ་བྱེད་རྒྱུ་དེ་ཡིན། སྐབས་རེ་ཁོང་ཁྲོ་ལང་བའི་གནས་སྐབས་སུ་ང་ཡིད་ལ་འཁོར་བ་བྱས་ནས་བཟོད་སྒོམ་བྱེད་རོགས་ཞེས་བཀའ་སློབ་གནང་ཡོད་པ་དེ་དག་ཁ་ཙམ་མ་ཡིན་པར་དོན་དངོས་ལག་བསྟར་བྱེད་རྒྱུ་གལ་ཆེན་པོ་ཡིན་སྐོར་དང་། ད་ལམ་བྱང་ཨ་རིའི་ས་གནས་ཁག་གཅིག་ལ་ཕེབས་དོན་ནི་བཀའ་ཤག་སྐབས་འདིས་ལས་ཀ་བྱས་ནས་ལོ་གཉིས་ཕྱིན་པའི་ནང་གང་བྱས་ཡོད་མེད་དང་། ཡོང་རྒྱུའི་ལོ་གསུམ་ནང་གང་གནང་འཆར་ཡོད་མེད། ལྔ་དང་ལྔ་བཅུའི་འཆར་གནང་། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་སོགས་ཀྱི་སྐོར་གསུང་བཤད་གནང་རྗེས། འཁྲུངས་ལྷ་ཡར་གསོའི་རྟེན་འབྲེལ་མར་ཐུད་གཏུབ་ནས་༸གོང་ས་མཆོག་གི་གསོལ་ལྕོག་ལ་ཕུལ་ནས་རྟེན་འབྲེལ་ཞུས།
འཁྲུངས་སྐར་གྱི་སྔ་དྲོའི་མཛད་སྒོར་དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་གསུམ་དང་སྐུ་ཚབ་དོན་གཅོད་ཟུར་པ་གཉིས། གཞན་ཡང་བྱང་ཨ་རི་སྐུ་ཚབ་དོན་ཁང་གི་ལས་བྱེད་དང་གཞུང་ཞབས་བགྲེས་ཡོལ་ཟུར་པ་སོགས་མི་མང་སུམ་སྟོང་ཙམ་ཕེབས་ཡོད་པ་རེད། མཛད་སྒོའི་རྗེས་ཉིན་རྒྱབ་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་སྐབས་ ༡༦ པའི་རྒྱུན་ལས་འོས་འདེམས་དང་ཕྱི་ཉིན་གླིང་ཁར་སྤྲོ་སྐྱིད་བཏང་ཡོད་འདུག་པ་བཅས།།