ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༣༡ རེས་གཟའ་མིག་དམར།
༄༅། །འདི་གར་ནང་སྲིད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་དྲུང་ཆེ་འཆི་མེད་རིག་འཛིན་ལགས་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་ས་ཁུལ་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་དང༌། འབུམ་ལ། རྟ་དབང༌། ཨི་ཊ་ན་གྷར་བཅས་སུ་གཞུང་འབྲེལ་འཚམས་གཟིགས་ཕེབས་པའི་ལས་རིམ་ཁག་ནི། རྡ་ས་ནས་ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢༤ ཉིན་ཐོན་ཏེ་ཕྱི་ཚེས་ ༢༦ ཉིན་གྱི་ཕྱི་དྲོ་ཚོུད་ ༦ པར་བསྟན་སྒང་དུ་འབྱོར། ཕྱི་ཚེས་ ༢༧ ཉིན་བསྟན་འཛིན་སྒང་མི་མང་ཚོགས་ཁང་དུ་མི་མང་བསྡུ་བསྐོང་གནང་སྟེ། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཀྱི་ལས་དོན་བྱེད་ཕྱོགས་སྤྱི་དང༌། ལྷག་པར་ཉེ་ཆར་སཱུ་མ་སློབ་ཕྲུག་ཚོགས་པས་གློ་བུར་རྙོག་གླེང་ཆེད་བཟོས་བྱས་པའི་དོན་རྐྱེན་སྐོར་གསལ་བཤད་གནང་ཡོད།
ནང་སྲིད་དྲུང་ཆེ་འཆི་མེད་རིག་འཛིན་ལགས་ཀྱིས་དོན་རྐྱེན་དེའི་སྐོར་གསལ་བཤད་གནང་དོན་དུ་ཉེ་ཆར་སཱུ་མ་སློབ་ཕྲུག་ཚོགས་པས་བོད་མིར་ངོ་རྒོལ་བྱེད་བཞིན་པའི་སྐབས། ཀླད་ཆུང་འགས་གོ་སྐབས་བཟུང་ནས་སྐད་འཕྲིན་དང་དྲ་རྒྱའི་ནང་དངོས་ཡོད་མིན་པའི་དགྲ་དགའ་གཉེན་སྡུག་གི་དཀྲོག་གཏམ་སྤེལ་བཞིན་ཡོད་པར་བརྟེན་བོད་མིའི་སྒྲིག་འཛུགས་ལ་ཧ་ཅང་བློ་ཚབས་བྱུང་ཡོད། དཔལ་ལྡན་སྲོད་སྐྱོང་མཆོག་གིས་དབུས་པའི་གོང་རིམ་ནས་ཐུགས་སྣང་ཆེ་བཞེས་ཀྱིས་དོན་རྐྱེན་འདིའི་སྐོར་ཉིན་ལྟར་ཞལ་པར་ཐོག་ཕན་ཚུན་འབྲེལ་ལམ་བྱེད་སྒོ་ཁག་ལམ་སྟོན་ཕེབས་མུས་ལ་སོང༌། དོན་རྐྱེན་འདིའི་གནས་ཚུལ་ཐོས་མ་ཐག་དབུས་ནས་ལས་བྱེད་བགྲེས་པ་ཞིག་ས་གནས་སུ་གཏོང་རྒྱུའི་ཐག་གཅོད་གནང་ཡོད། འོན་ཀྱང་སྐབས་དེར་བོད་མི་མང་གི་སྤྱི་འཐུས་རྣམ་གཉིས་ནས་ཞུ་གཏུག་ལས་འགུལ་གྱི་ལས་རིམ་སྐྱོང་བཞིན་ཡོད་སྟབས། ས་གནས་འགོ་འཛིན་ཡང་ཕེབས་ཞབས་སུ་ཡོད་པར་བརྟེན་གནས་སྐབས་རིང་ཕྱིར་འགྱངས་བྱས་ནས་དེ་རིང་བཅར་དགོས་བྱུང་ཡོད་པ་རེད། གང་ལྟར་དོན་རྐྱེན་ཅི་ཞིག་བྱུང་མིན་ལ་མ་ལྟོས་པར་གནས་ཚུལ་གོ་ཐོས་བྱུང་ཉིན་ནས་བཟུང་ནང་སྲིད་ལས་ཁུངས་དང་ས་གནས་འགོ་འཛིན་དབར་ས་གནས་སུ་གནས་ཚུལ་ཅི་ཞིག་འབྱུང་བཞིན་ཡོད་མེད་ཞིབ་ཕྲའི་གནས་ཚུལ་རྣམས་ཕན་ཚུན་གོ་བསྡུར་བྱུང་ཡོད་པ་ཁག་ནས་ད་ལན་གལ་གནས་ཆེ་བ་རེ་ཟུང་ཞིག་འདིར་ཞུ་རྒྱུ་གཤམ་གསལ།
ཀ། ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡༢ ཉིན་སཱུ་མ་སློབ་ཕྲུག་སྣུམ་འཁོར་གྲངས་ ༩ ཙམ་འཁྲིད་ནས་བསྟན་སྒང་གཞིས་ཆགས་ནང་འཛུལ་ཡོང་སྟེ་དེ་སྔ་ཕྱི་ལོ་ ༡༩༦༢ ནང་མི་འབོར་ཇི་ཡོད་ཀྱི་གྲངས་ཐོ་དགོས་ཀྱི་ཡོད་ཟེར་བ་དང༌། ཡང་བོད་མི་ཕྱིར་རྒྱུག་ཅིག་ཟེར་བའི་སྐད་འབོད་བརྒྱབ་སྟེ། ཕྱི་ཚེས་ ༡༣ ཉིན་འབུམ་སྡེ་ལར་ངོ་རྒོལ་སྐད་འབོད་རྒྱག་རྒྱུ་ཡིན་པའི་འཇིགས་སྐུལ་གྱི་ཉེན་བརྡ་སྤྲད་དེ་ཉིན་ཕྱིར་ལོག་བྱས་ཡོད།
ཁ། གནས་ཚུལ་འདི་དཔལ་ལྡན་སྲིད་སྐྱོང་མཆོག་ལ་སྙན་སེང་ཞུས་པ་ལྟར། དཔལ་ལྡན་སྲིད་སྐྱོང་མཆོག་གིས་མངའ་སྡེའི་བློན་ཆེན་པདྨ་མཁའ་འགྲོ་མཆོག་ལ་ཞལ་པར་ཐོག་བཀའ་མོལ་ཞིབ་ལྷུག་གནང་སྟེ། བདེ་འཇགས་སྲུང་སྐྱོབ་འཐུས་ཚང་གནང་རྒྱུའི་ཞལ་བཞེས་ཐོབ་ཡོད་འདུག དེ་བཞིན་རྒྱ་གར་གཞུང་གི་ནང་སྲིད་བློན་ཆེན་གཞོན་པ་ཀི་རན་རི་ཇུ་ཇི་མཆོག་ལ་ཆེད་དུ་མཇལ་འཕྲད་ཞུས་སྟེ་ས་གནས་ཀྱི་གནས་སྟངས་སྐོར་སྙན་གསན་ཞུས་སྐབས་བདེ་འཇགས་ཐོག་ཐུགས་འཕྲལ་གནང་མི་དགོས་པ་དང༌། མངའ་སྡེའི་འབྲེལ་ཡོད་ལ་ཁུངས་ཁྱབ་གནང་རྒྱུའི་ཞལ་བཞེས་གནང་ཡོད་འདུག
ག དེ་མཚུངས་བོད་མི་མང་སྤྱི་འཐུས་པདྨ་འབྱུང་གནས་ལགས་དང༌། སྤྱི་འཐུས་ཀུན་དགའ་བསོད་སྟོབས་ལགས། ས་གནས་འགོ་འཛིན་གཡང་གྲུབ་ལགས་གསུམ་ནས་ཀྱང་ཨི་ཊ་ན་གྷར་དུ་ཞུ་གཏུག་ལས་འགུལ་གྱི་ལས་དོན་ཆེད་མངའ་སྡེའི་བློན་ཆེན་མཇལ་བཅར་ཞུས་ཞོར་དུ་སློབ་ཕྲུག་གི་དོན་རྐྱེན་སྐོར་སྙན་གསན་ཞུས་པར། སྐབས་དེར་ལམ་སེང་ས་གནས་འབྲེལ་ཡོད་རྫོང་དཔོན་དང་སྐོར་སྲུང་སྤྱི་ཁྱབ་གཉིས་ལ་ཞལ་པར་ཐོག་བཀོད་ཁྱབ་གནང་བ་སོགས་ལ་བརྟེན་ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡༢ ཉིན་གྱི་ཕྱི་དྲོ་ཚུ་ཚོད་ ༥ ཙམ་ལ་བསྟན་སྒང་བོད་མི་གཞིས་ཆགས་ཀྱི་སྲུང་སྐྱོབ་ཆེད་སྐོར་སྲུང་བ་མི་གྲངས་ ༢༥ བསྐོ་གཏོང་གིས་ས་གནས་སུ་རྙོག་ཟིངས་ཞི་འཇགས་མ་བྱུང་བར་འཇོག་རྒྱུ་གནང་ཡོད།
ང༌། ད་ལྟའི་ཆར་ས་གནས་སུ་རྙོག་གླེང་གང་ཡང་མེད་པར་སྔར་ལྟར་ཞི་འཇམ་དུ་གནས་ཐུབ་པའི་རྒྱུ་མཚན་ནི། གོང་གསལ་ཆེས་མཐོའི་དཔོན་རིགས་ཁག་ལ་འབྲེལ་བ་གཏིང་ཟབ་བྱུང་བའི་ཉེར་ལེན་གྱིས་བྱུང་བ་ཡིན་པ་དང༌། ལྷག་དོན་དུ་ནུབ་ཀ་མེང་རྫོང་དཔོན་མཆོག་གིས་གོང་རིམ་གྱི་བཀའ་ཕེབས་ལྟར་རང་ཉིད་ཀྱི་དབང་ཚད་སྤྱད་དེ་ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢༣ ཉིན་རྒྱ་གར་གཞུང་གི་ཁྲིམས་ཀྱི་དོན་ཚན་ཨང་ ༡༤༤ དགོངས་དོན་འོག་མི་གསུམ་བཞི་ལྷག་མཉམ་དུ་འཛོམས་མི་མི་ཆོག་པ་དང༌། དོན་རྐྱེན་བྱེད་གཏེ་རྣམས་འཛིན་བཟུང་བཙོན་འཇུག་བྱ་རྒྱུའི་བཀའ་ཁྱབ་གསལ་བསྒྲགས་གནང་སྟེ་འཇུ་བཟུང་གི་ལས་དོན་མཇུག་སྐྱོང་གནང་མུས་ལ་བརྟེན་ནས་བྱུང་བ་རེད།
ཅ། མི་མང་ཚོགས་འཛོམས་ཡོད་སར་དྲུང་ཆེས་མངའ་གཞུང་བློན་ཆེན་དང་རྫོང་དཔོན། ས་གནས་འགོ་འཛིན་བཅས་ནས་རྙོག་གླེང་གི་དོན་རྐྱེན་དེའི་ཐད་ཐུགས་འཁུར་ཆེ་བཞེས་ཀྱིས་ཞི་འཇམ་ཐུབ་ཐབས་གནང་བར་ཐུགས་རྗེ་ཆེ་གྲངས་མེད་ཞུས་པ་མ་ཟད། མི་མང་རྣམས་ལ་བོད་མི་རིགས་དང་མོན་པ་གཉིས་ཀྱི་དབར་ལ་ཆོས་དང་རིག་གཞུང་སོགས་ནས་ལོ་རྒྱུས་ཡུན་རིང་ལྡན་པའི་ཐུན་མོང་མ་ཡིན་པའི་འབྲེལ་བ་བཟང་པོ་ཞིག་ཡོད་པ་གསལ་བཤད་གནང་ནས་ད་དུང་མུ་མཐུད་སྔར་ལས་འབྲེལ་བ་བཟང་དུ་གཏོང་གལ་ཆེ་བ་སོགས་ཀྱི་ལམ་སྟོན་ཟབ་ནན་གནང་སོང༌།
ཆ། གཞན་ཡང་སཱུ་མ་སློབ་ཕྲུག་ཚོགས་པས་བོད་རིགས་ཚོས་དངུལ་སྤྲོད་དགོས་པའི་འཇིགས་སྐུལ་བྱས་ཡོད་པའི་ཐད་ལ་དྲུང་ཆེས་དངུལ་ལོར་སྤྲད་ནས་དཀའ་རྙོག་སེལ་ཐབས་བྱེད་རྒྱུ་ནི། ཐབས་ཤེས་བཟང་པོ་ཞིག་མིན་པ་མ་ཟད། འདི་ནི་ཁྲིམས་སྒྲིག་གི་ཐོག་ནས་ཕྱོགས་གཉིས་ཀའི་ནོར་འཁྲུལ་ཆགས་བཞིན་ཡོད་པ་དང༌། དཀའ་ངལ་དེ་རིགས་སེལ་སྐབས་ངེས་པར་དུ་ཁྲིམས་སྒྲིག་དང་བསྟུན་དགོས་པ་ལས་འཇིགས་སྐུལ་ལ་སྐྲག་ནས་གང་བྱུང་གནང་མི་དགོས་པ་སོགས་ཀྱི་ལམ་སྟོན་ནན་པོ་གནང་སོང་བ་སོགས་ལ་མི་མང་ཡོངས་ནས་དགའ་བསུའི་བསྔགས་བརྗོད་ཞུས་སོང༌།
ནང་སྲིད་དྲུང་ཆེས་འབུམ་སྡེ་ལ་དང་རུ་པ། གར་ཆམ་བོད་མི་རྣམས་ལ་གསུང་བཤད་གནང་དོན།
༡༽ཉེ་ཆར་ SUMAA སློབ་ཕྲུག་ཚོགས་པས་ངོ་རྒོལ་ལ་བརྟེན་ནས་སྤྱི་ཚོགས་དང་དྲ་རྒྱའི་ནང་དབུས་བོད་མིའི་སྒྲིག་འཛུགས་གང་དུ་ཡོད་རེད་ལྟ་བུ་དང་། དེ་བཞིན་སྲིད་སྐྱོང་དང་ནང་སྲིད་གང་དུ་ཡོད་དམ། གང་གནང་གི་ཡོད་རེད་ལ་སོགས་པ་མི་འགའ་ཞིག་གིས་གནས་ཚུལ་དངོས་ལ་རྒྱུས་ལོན་གང་ཡང་མ་བྱས་པར་གང་བྱུང་བརྗོད་བཞིན་པའི་ཐད་ད་བར་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གང་ཐུབ་ཅི་ཐུབ་ཅི་ཞིག་གནང་ཡོད་པ་དང་ད་ལྟ་ཅི་ཞིག་གནང་མུས། དེ་བཞིན་མ་འོངས་པའི་གནང་སྟངས་བཅས་ཀྱི་སྐོར་ལ་གསལ་བཤད་གནང་ཡོད།
༢༽ རྒྱ་གར་མི་སེར་ཉར་བའི་སྐོར་དང་བཙན་བྱོལ་གྱི་ངོ་བོ་ཐོག་ཐོབ་པའི་ཆ་རྐྱེན་ནི་ཤིན་ཏུ་བཟང་ལུགས།ཉེ་ཆར་ SUMAA སློབ་ཕྲུག་ཚོགས་པའི་ངོ་རྒོལ་ལ་བརྟེན་ནས་བོད་མི་སྤྱི་སྒེར་དང་བོད་མིའི་གཞུང་ལ་དཀའ་ངལ་འཕྲད་པའི་རྒྱབ་ལྗོངས་སུ་རྒྱ་གར་ཕྱོགས་གཉིས་ཀྱི་ཆབ་སྲིད་ཀྱི་འགྲེལ་ལུགས་དང༌། དེ་བཞིན་རྒྱ་ནག་གིས་ལྐོག་ཏུ་གྲོགས་བྱེད་ཡོད་པའི་དོགས་གཞི་སོགས་ཀྱི་སྐོར་གསལ་བཤད་གནང་ཡོད།
༣༽ ཨ་རུ་ན་ཅལ་ཁུལ་དུ་འཕྲད་བཞིན་པའི་དཀའ་ངལ་འདི་ལྟ་བུ་ལམ་སང་ཐག་གཅོད་ཐུབ་རྒྱུ་དཀའ་ཡང་ཐབས་མཁས་པའི་ཐོག་ནས་གདོང་ལེན་གནང་དགོས་གལ་སྐོར། རྒྱ་གར་དབུས་ས་གཞུང་ནས་བོད་མིའི་སྒྲིག་འཛུགས་དང་བོད་མི་སྤྱི་སྒེར་གྱི་ཐོག་ལ་དགོངས་པ་བཟང་པོ་བཞེས་དང་བཞེས་མུས་ཡིན་པ་བཅས་ཀྱི་སྐོར་ལ་གསལ་བཤད་གནང་ཡོད། །