ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༥ རེས་གཟའ་ཕུར་བུ།
༄༅། །ཕྱི་དྲིལ་བོད་ཡིག་ཚན་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་ངག་དབང་ཐོགས་མེད་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཕྱི་ཟླ་ ༧ ཚེས་ ༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཙམ་ལ་ལ་དྭགས་བྷ་ཀུ་ལ་གནམ་ཐང་དུ་ཕེབས་འབྱོར་སྐབས་ལ་དྭགས་ནང་པ་ཚོགས་པའི་ Ladakh Buddhist Association ཚོགས་གཙོ་ཚེ་དབང་འཕྲིན་ལས་ལགས་དང་ཚོགས་གཞོན། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ Ladakh Autonomous Hill Development Council ཀྱི་སྐུ་ཚབ་འཐུས་མི་བསོད་ནམས་དབང་འདུས་ལགས། ལ་སྤྱིས་གཙོས་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ། སླེ་བྱང་འབྲེལ་འཐུད་པ་དོན་གྲུབ་རྒྱལ་པོ་ལགས། རུ་ཐོག་དགོན་པའི་མཁན་པོ། ས་གནས་རང་བདེན་ཚོགས་ཆུང་། ས་གནས་གཞོན་ནུ་དང་བུད་མེད། བསོད་ནམས་གླིང་བོད་མིའི་གཞིས་ཆགས་ཀྱི་བརྒྱ་དཔོན་དང་། བྱང་ཐང་འཚོ་དགུའི་འགོ་པ་སོགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས།
དེ་རྗེས་ཆུ་ཚོད་ ༩ ཡོལ་ཙམ་ལ་བསོད་ནམས་གླིང་གཞི་ཆགས་ཀྱི་མི་མང་ཚོགས་ཁང་ནང་ཕེབས་ཏེ་ལ་དྭགས་སླེ་བྱང་ཁུལ་གྱི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་འཐུས་མི་དང་ལྷན་བཞུགས་མོལ་ཚོགས་འདུ་ཚོགས་སྐབས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ཡུལ་གྲུ་ཁག་འདྲ་མིན་ནས་གདན་ཞུའི་གསོལ་འདེབས་ཞུ་བཞིན་ཡོད་ཀྱང་དེ་ལྟར་ཡོང་ཐུབ་ཀྱི་མེད་ཀྱང་ལ་དྭགས་སུ་ལོ་ལྟར་ཆིབས་སྒྱུར་བཀའ་དྲིན་སྐྱོང་བཞིན་ཡོད་པ་མ་ཟད། མགོན་པོ་གང་ཉིད་མཆོག་དབུ་བཞུགས་ཐོག་༸སྐུའི་འཁྲུངས་སྐར་སྲུང་དུས་ཆེན་སྲུང་བརྩི་ཞུ་རྒྱུའི་གོ་སྐབས་ཐོབ་བཞིན་ཡོད་པ་ནི་ལ་དྭགས་མི་མང་རྣམས་ཧ་ཅང་སྐལ་པ་བཟང་པོ་དང་བསོད་ནམས་ཆེན་པོ་ཡིན། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་ ༢ ཉིན་ཕྲན་ལ་ལ་དྭགས་སུ་༸སྐུའི་འཁྲུངས་སྐར་ཉིན་ཡོང་དགོས་པའི་བཀའ་ཕེབས་བྱུང་།
ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ཚོགས་ཀྱི་འགན་འཛིན་གསར་པ་ཕེབས་ཡོད་སྟབས་ཁོང་དང་མཇལ་འཕྲད་གནང་རྒྱུ་དང་། དེ་བཞིན་ལ་དྭགས་ནང་པ་ཚོགས་པའི་ཚོགས་མི་དང་། རྫོང་དཔོན་ District Commissioner སོགས་དང་མཇལ་འཕྲད་ཀྱིས་ས་གནས་བོད་མིའི་བདེ་སྡུག་ཞུ་དགོས་པ་མང་པོ་ཞིག་ཡོད། འོན་ཀྱང་ལས་དོན་ཚང་མ་སྡེབ་གཅིག་ལ་སྒྲུབ་ཐུབ་ཐབས་མེད་ཀྱང་རིམ་བཞིན་སྒྲུབ་ཐུབ་རྒྱུར་འབད་བརྩོན་ཞུ་རྒྱུ་ཡིན། ཉེ་ལམ་དཔལ་འབྱོར་ལས་ཁུངས་ནས་རོགས་སྐྱོར་ལས་གཞི་གསར་པ་ཞིག་གསལ་བསྒྲགས་གནང་ཡོད། སུད་ཚོང་བ་ཚོར་རོགས་སྐྱོར་ལས་གཞི་ཞིག་ན་ནིང་ལོ་ནས་འགོ་བཙུགས་པ་རེད། ཅེས་དང་།
ཕྱོགས་མཚུངས་སྲོལ་རྒྱུན་གྱི་རྟ་དྲེལ་དོ་སྐྱེ
ལ་དྭགས་ས་གནས་སུ་འགྲུལ་སྐྱེལ་སྣུམ་འཁོར་གཏོང་མཁན་མི་གྲངས་ ༦༠ ཙམ་ཡོད་སྟབས། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ནང་ནས་འགྲུལ་སྐྱེལ་སྣུམ་འཁོར་གཏོང་མཁན་མང་ཤོས་ཆགས་ཡོད་པ་དང་། སྦེལ་ཀོབ་གཞིས་ཆགས་ནང་འགྲུལ་སྐྱེལ་སྣུམ་འཁོར་གཏོང་མཁན་སུམ་ཅུ་བཞི་བཅུ་ཙམ་ཡོད་པ། འགྲུལ་སྐྱེལ་སྣུམ་འཁོར་གཏོང་མཁན་མི་གྲངས་ ༡༠༠ ལ་ལོ་གསུམ་རིང་འབུམ་དྲུག་རེ་རོགས་སྐྱོར་གནང་རྒྱུ་དང་། རོགས་སྐྱོར་ལོ་གསུམ་རིང་གཏོང་རྒྱུ་དེ་གཙོ་བོ་ལ་དྭགས་ས་གནས་ནང་ཞིབ་འཇུག་བྱས་པར་བརྟེན་ཐག་གཅོད་གནང་ཡོད་པ་དང་། རོགས་སྐྱོར་ཆེད་སྙན་ཞུ་འབུལ་མཁན་མང་པོ་ཡོད་སྟབས་ཆ་རྐྱེན་མང་པོ་གཏན་འབེབས་གནང་སྐོར།
དེ་སྔ་སྲིད་སྐྱོང་མཆོག་ལ་དྭགས་སུ་ཕེབས་སྐབས་བྱང་ཐང་ས་ཁུལ་དུ་ནད་པའི་སླད་སྨན་ཁང་ཞིག་དགོས་པ་མ་ཟད། འདས་གྲོང་ཕྱིན་པ་ཡིན་ན་ཕུང་པོ་དུར་འཇུག་བྱེད་ས་ཞིག་བཟོ་རྒྱུའི་ཆེད་མ་དངུལ་སྔོན་རྩིས་ནང་ཐོན་ཟིན་པ་དང་། ས་ཆ་ཐོབ་པ་ཡིན་ན་སྔོན་རྩིས་ནས་དངུལ་བཀའ་འཁྲོལ་ཐོབ་ཟིན་སྟབས་ཁང་པ་རྒྱག་ཆོག་རྒྱུ་དང་བྱང་ཐང་ཁུལ་དུ་ཡོད་པ་རྣམས་ལ་ཕན་ཐོགས་ཕྲན་བུ་ཡོང་ངེས་དང་། དངུལ་དེ་འཕྲོད་བསྟེན་ལས་ཁུངས་ལ་ཡོད་སྐོར།
ཕྱི་རྒྱལ་ཡུལ་གྲུ་ཁག་ནས་བོད་དོན་ལ་རྒྱབ་སྐྱོར་ཡག་ཐག་ཆོད་ཡོང་བཞིན་ཡོད་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་གང་ཐུབ་འགྲོ་དགོས་པའི་བཀའ་མངགས་མཛད་སྐོར། ཨ་རིའི་གཞུང་གིས་རོགས་དངུལ་སྤྲོད་སའི་མཐུན་ཕྱོགས་རྒྱལ་ཁབ་ཚང་མར་རོགས་དངུལ་ཉུང་འཕྲི་བཏང་ཡོད་ཀྱང་བོད་མི་ཚོར་རོགས་དངུལ་གཅོད་རྒྱུའི་ཚབ་ཨ་སྒོར་ས་ཡ་གསུམ་སྤར་ཡོད་སྐོར། རོགས་དངུལ་དེའང་སྔོན་རྩིས་ཐོག་ནས་སྤར་ཡོད་སྟབས་ཆབ་སྲིད་ཀྱི་རྒྱབ་སྐྱོར་ཡོད་པའང་མཚོན་བཞིན་ཡོད་སྐོར་སོགས་གསུང་།།