ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༥ རེས་གཟའ་ཕུར་བུ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། རྒྱ་གར་བྷི་ཇེ་པི་ (BJP) སྲིད་དོན་ཚོགས་པའི་ཚོགས་མི་རྒན་གྲས་དང་། (Delhi Study Group) ཞེས་པའི་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཝི་ཇེ་ཇོ་ལི་ (Vijay Jolly) མཆོག་དང་། ཚོགས་པའི་ཚོགས་གཞོན་བུ་པེན་ད་ར་ཀན་སལ་ (Bhupendra Kansal) མཆོག དེ་བཞིན་ཧི་མཱ་ལ་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ (Himalaya Parival) འབྲེལ་མཐུད་པ་བཅས་ཉིན་གསུམ་རིང་བཞུགས་སྒར་དུ་བོད་དོན་གོ་རྟོགས་ཆེད་ཕེབས་ཡོད་པ་ལྟར། དེ་རིང་ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༥ ཉིན་རྒྱབ་ཆུ་ཚོད་ ༣ པའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་གཟིགས་བསྐོར་ཕེབས་སྐབས་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་སྣེ་ལེན་དང་མཇལ་འཕྲད་གནང་ཡོད།
དེའི་སྐབས་ཐོག་མར་སྐུ་ཞབས་ཝི་ཇེ་ཇོ་ལི་མཆོག་གིས་བྷི་ཇེ་པི་གཞུང་འཛིན་ཚོགས་པའི་ལས་རྟགས་ཤིག་དང་། ཧི་མཱ་ལ་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་དུས་དེབ་གཅིག་བཅས་དཔལ་ལྡན་ཚོགས་གཞོན་མཆོག་ལ་ཕུལ་གནང་། དེ་ནས་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཁོང་རྣམས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་དཔར་བསྐྲུན་ཞུས་པའི་ཆབ་སྲིད་དང་འབྲེལ་བའི་དཔེ་དེབ་རྣམས་རེ་རེ་བཞིན་འགྲེལ་བརྗོད་ཞིབ་ཕྲ་གནང་སྟེ་ཕུལ་གནང་བ་དང་སྦྲགས། བོད་ནང་གི་གནས་སྟངས་སྤྱི་དང་། ལྷག་པར་དུ་བཙན་བྱོལ་བོད་མིའི་འཐབ་རྩོད་ཀྱི་གནས་བབ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་སོགས་ཀྱི་ཐོག་གསུངས་གནང་རྗེས། སྐུ་ཞབས་ཁོང་གིས་ཕྱི་ལོ་ ༡༩༧༠ ནས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བོད་དོན་སླད་ཞི་རྒོལ་སྐད་འབོད་གནང་མྱོང་བའི་སྐོར་དང་། ཁོང་རྒྱ་ནག་ཏུ་བྷི་ཇེ་པི་ཚོགས་པའི་སྐུ་ཚབ་ཐོག་ནས་ཕེབས་སྐབས། བོད་ནང་གི་གནས་སྟངས་དང་། བོད་དོན་དཀའ་རྙོག་སེལ་དགོས་པ་རྒྱ་ནག་འབྲེལ་ཡོད་དཔོན་རིགས་རྣམས་ལ་ཞུས་མྱོང་ཡོད་སྐོར།
དེ་བཞིན་མ་འོངས་པར་བོད་དོན་དཀའ་རྙོག་མ་སེལ་བར་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་སོང་། ལྷག་པར་དུ་དེ་རིང་བཞུགས་སྒར་དུ་བོད་དོན་གོ་རྟོགས་སླད་ཕེབས་སྐབས་༸གོང་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་གྱི་དུས་ཚོད་བཟང་པོ་འཁེལ་བསྟུན། སང་ཉིན་གཞུང་འབྲེལ་མཛད་སྒོའི་ཐོག་མཉམ་ཞུགས་གནང་རྒྱུ་ཡིན་པའི་ཞལ་བཞེས་དང་། ༸གོང་ས་མཆོག་གི་སྐུའི་མཛད་འཕྲིན་ཡར་ངོའི་ཟླ་ལྟར་འཕེལ་བའི་སྨོན་ལམ་ཡོད་ཅེས་གསུངས། དེ་ནས་དཔལ་ལྡན་ཚོགས་གཞོན་མཆོག་དང་ལྷན་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་བསྐོར་ཕེབས་གནང་ཡོད་པ་བཅས།།