ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༥ རེས་གཟའ་ཕུར་བུ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༤ ཉིན་རྡ་ཤོད་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་ནང་༸སྐུའི་འཁྲུངས་སྐར་དགའ་སྟོན་དང་བསྟུན། སློབ་གྲྭའི་ཁང་ཚན་ནང་ཁུལ་དབར་བོད་ཀྱི་ཐུན་མོང་མ་ཡིན་པའི་ལྷ་མོའི་འཁྲབ་གཞུང་ “འགྲོ་བ་བཟང་མོའི་རྣམ་ཐར་” འཁྲབ་སྟོན་གྱི་འགྲན་བསྡུར་ཞིག་ཚོགས་གནང་སོང་།
གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༤ པའི་ཐོག་མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། བོད་ཁྱིམ་དབུས་སའི་འགན་འཛིན་རྣམ་པ། སློབ་གྲྭའི་དགེ་ལས་སློབ་ཕྲུག་བཅས་ཚང་འཛོམས་ཐོག་ཁང་ཚན་བཞི་ཡོད་པ་བང་རིམ་བཞིན་ལྷ་མོའི་འཁྲབ་གཞུང་གཟིགས་འབུལ་དང་། དེ་རྗེས་དཔལ་ལྡན་ཚོགས་གཙོ་མཆོག་གིས་འཁྲབ་སྟོན་བྱ་དགའ་ཨང་རིམ་རྩེར་སོན་རྣམས་ལ་བྱ་དགའ་གནང་བ་དང་། སྐབས་དེའི་ལྷ་མོའི་འཁྲབ་གཞུང་ཨང་རིམ་དང་པོ་རྫ་ཆུ་ཁང་ཚན་ལ་ཐོབ་སོང་།
སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་དང་སྒེར་ངོས་ནས་འཚམས་འདྲི་དང་སྦྲགས་གསུང་དོན། དེ་རིང་དམིགས་བསལ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་ཐོག་ལ་སྐུ་ལས་བསྐྱོན་མཁན་གཙོ་བོ་དགེ་རྒན་རྣམ་པ་དང་། སློབ་ཕྲུག་རྣམ་པ་ཚང་མས་ཡུན་རིང་དཀའ་ལས་བརྒྱབ་ནས་དངོས་སུ་ཆུ་ཚོད་ ༢ ཙམ་གྱི་རིང་གྲུབ་འབྲས་སྟོན་གནང་བ་དང་། དེ་བཞིན་སློབ་གྲྭའི་དབུས་དང་ས་གནས་ཀྱི་འགན་འཛིན་ཚང་མར་སྤྱན་འབུལ་ཞུས་ཐུབ་པར་རྣམ་པ་ཚོར་དམིགས་བསལ་གྱིས་བསྔགས་བརྗོད་ཞུ་རྒྱུ་ཡིན། བོད་མི་རིགས་ཟེར་བ་དེར་རིག་གཞུང་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་དང་། ཨིན་ཇིའི་སྐད་ཡིག་ནང་ (Identity) ལྟ་བུ་ཡིན་པས་གལ་ཆེན་པོ་ཞེ་དྲག་ཆགས་ཀྱི་ཡོད། དཔེར་ན་དེ་རིང་ལྷ་མོའི་འཁྲབ་གཞུང་ཚོགས་པ་ཐོག་མར་སྲོལ་གཏོད་མཁན་ཡོངས་གྲགས་སུ་ལྕགས་ཟམ་པ་གྲུབ་ཆེན་ཐང་སྟོང་རྒྱལ་པོ་ཆགས་ཡོད་པ་དང་། ཁོང་དུས་རབས་ ༡༤ ནང་བྱོན་པ་ཞིག་སྟེ། ད་ལྟའི་དུས་རབས་ ༢༡ བར་བརྩིས་ན་ལོ་ངོ་ ༦༠༠ ལྷག་འགྲོ་བཞིན་ཡོད་རེད། ཡིན་ནའང་རིག་གཞུང་དེ་མུ་མཐུད་ནས་གནས་བསྡད་པ་དང་། རིག་གཞུང་དེའི་ཐོག་ནས་ང་རང་ཚོས་ཐུན་མོང་གི་བསླབ་བྱ་ལེན་དགོས་པ་མང་པོ་ཞིག་ཆགས་ཀྱི་ཡོད། རྣམ་པ་ཚོའི་འཁྲབ་གཞུང་ནང་བལྟས་ཡོང་དུས་ཞིབ་ཕྲ་བསམ་བློ་གཏོང་རྒྱུ་མང་པོ་ཡོད་ཀྱང་། དེར་ཕྱོགས་གསུམ་ཙམ་ཐོག་ནས་བསམ་བློ་བཏང་བ་ཡིན་ན། གཅིག་ནས་བྱམས་བརྩེ་དགོས་གལ་ཆེན་པོ་ཡིན་པ་དང། གཉིས་ནས་འཁོན་འཛིན་དང་ཕྲག་དོག་ཟེར་བ་དེས་ཕུགས་ལ་དམིགས་ཡུལ་འགྲུབ་མི་ཐུབ་པ། དེ་བཞིན་འཚོ་བའི་ནང་དཀའ་ངལ་གང་འཕྲད་སྐབས་བཟང་ཕྱོགས་ཐོག་ནས་གདོང་ལེན་གནང་ཐུབ་དགོས་པ་བཅས་བསྟན་གྱི་འདུག དཔེར་ན་དེ་རིང་གི་འཁྲབ་གཞུང་ནང་ཉ་པ་སྤུན་གཉིས་དང་ཤན་པ་སྤུན་གཉིས་ཀྱིས་ཕྲུ་གུ་སྤུན་གཉིས་གསོད་ལ་ཉེ་བའི་ཚེ། ཕྲུ་གུ་སྤུན་གཉིས་ཕན་ཚུན་གྱི་བརྩེ་སེམས་ཆེན་པོ་ཡོད་པ་མཐོང་ཚོར་བྱུང་ནས་ཉ་པ་དང་ཤན་པའི་བསམ་བློ་འགྱུར་བ་བཏང་ཐུབ་པ་ལྟ་བུ། བྱས་ཙང་བཟང་ཕྱོགས་ཐོག་ནས་གདོང་ལེན་བྱེད་པ་ཡིན་ན། དེའི་གྲུབ་འབྲས་ཡག་པོ་ཞིག་ཐོན་ཐུབ་པ་གསལ་པོ་རེད། དེ་ཚོའི་གྲས་ང་ཚོའི་སྤྱི་ཚོགས་རང་ལ་ཕན་ཐོགས་རྒྱུའི་རིག་གཞུང་ཞིག་ཆགས་ཡོང་དུས་དེ་མུ་མཐུད་རྒྱུད་འཛིན་བྱེད་ཐུབ་དགོས་པ་དེ་ཧ་ཅང་གི་གལ་ཆེན་པོ་ཆགས་ཀྱི་ཡོད།
དེང་སང་ཏོག་ཙམ་འཁྲབ་གཞུང་དེ་ཚོ་ཞིབ་ཚགས་རུ་དང་། ཡར་རྒྱས་ཤུགས་ཆེ་རུ་འགྲོ་བསྡད་པ་གསལ་པོ་རེད་འདུག སྔོན་མ་མང་ཆེ་བ་གདངས་འདྲ་པོ་མང་པོ་བཏང་ནས་ནང་དོན་གསལ་པོ་རྟོགས་ཐུབ་མིན་དེ་འདྲ་ཡོང་གི་ཡོད། དེང་སང་མང་ཆེ་བ་ཕལ་སྐད་རང་གི་ཐོག་ནས་སྐད་ཆ་བཤད་སྟངས་དང་། གདངས་དེ་ཚོ་གསལ་པོ་ཆགས་ཡོང་དུས་ཚང་མས་ཧ་གོ་ཐུབ་པ་དང་། དེ་འདྲའི་ཐོག་ནས་འཁྲབ་གཞུང་དེ་དེང་དུས་ཀྱི་རྣམ་པའི་ཐོག་ནས་ཡར་རྒྱས་འགྲོ་བཞིན་པ་གསལ་པོ་ཞེ་དྲག་རེད། བོད་ནང་དང་བཙན་བྱོལ་སྤྱི་ཚོགས་ནང་སློབ་ཕྲུག་གི་གནས་ཚད་ཐོག་ནས་བསྡུར་བ་ཡིན་ན། ཕལ་ཆེར་རིག་གཞུང་ཐོག་བག་ཆགས་འཇོག་རྒྱུ་དེ་ཚོའི་གྲས་བཙན་བྱོལ་སྤྱི་ཚོགས་ནང་གི་སློབ་ཕྲུག་དེ་ཚོ་ཏན་ཏན་ཡག་པ་མེད་འགྲོ་བསམ་གྱི་འདུག དེ་མིན་ཤེས་ཡོན་གྱི་གནས་སྟངས་དེ་ཚོ་ཞིབ་ཚགས་པའི་ཐོག་ཞིབ་འཇུག་བྱས་ནས་བསྡུར་ན་མ་གཏོགས་ཁ་ཐུག་བཤད་ཐུབ་ཐབས་མེད་པའི་གནས་སྟངས་ཤིག་ཆགས་ཡོད། བྱས་ཙང་རྣམ་པ་ཚོའི་ངོས་ནས་སོ་སོའི་མི་ཚེའི་ནང་སོ་སོའི་རིག་གཞུང་ཐོག་ལ་སྦྱང་བརྩོན་གནང་ནས་མ་འོངས་པ་དངོས་གནས་ཀྱི་བག་ཆགས་འཇོག་རྒྱུའི་བསམ་བློ་ཟེར་ན་མི་འདུག ནུས་པ་ཟེར་ན་མི་འདུག བྱས་རྗེས་འཇོག་དགོས་པ་གལ་ཆེན་པོ་རེད། དེ་རིང་སྡིངས་ཆའི་ཐོག་འཁྲབ་གཞུང་གཟིགས་འབུལ་ཞུས་ཐུབ་པ་ཙམ་གྱིས་དེར་རྫོགས་པ་མ་ཡིན་པར་མུ་མཐུད་རིག་གཞུང་དེ་ཚོ་སོ་སོའི་བསམ་བློའི་ནང་བློ་ཉེ་པོ་བྱེད་ཐུབ་དགོས་པ་དང་། རིག་གཞུང་གཅེས་འཛིན་གནང་དགོས་པ་གལ་ཆེན་པོ་རེད།
ནམ་རྒྱུན་ཁང་ཚན་ནང་ཁུལ་འགྲན་བསྡུར་མང་ཆེ་བ་གཞས་ཀྱི་འགྲན་བསྡུར་གནང་བ་ཞིག་དང་། དེ་རིང་རྡ་ཤོད་བོད་ཁྱིམ་སློབ་གྲྭའི་ཐོག་ནས་དམིགས་བསལ་གྱིས་ལྷ་མོའི་འགྲན་བསྡུར་གནང་བ་དེར་བསྔགས་བརྗོད་ཞུ་རྒྱུ་ཡིན། དེ་བཞིན་སྲོལ་རྒྱུན་རིག་གཞུང་ཐོག་ང་རང་ཚོ་གང་ལ་གང་འཚམ་ཚད་མཐོ་པོར་བསླེབས་ཡོད། ཡིན་ནའང་དེང་དུས་ཤེས་ཡོན (Modern Education) ཐོག་ཚང་མས་ཤུགས་རྒྱག་དགོས་པ་གལ་ཆེན་པོ་རེད། ང་ཚོས་འགྲན་བསྡུར་བྱེད་ས་སྟོབས་ཆེན་རྒྱལ་ཁབ་ཆགས་ཡོད་དུས། ཤེས་ཡོན་སློབ་སྦྱོང་ཁོ་ནའི་ཐོག་འགྲན་བསྡུར་གནང་རྒྱུ་དང་། ནུས་པ་མཉམ་སྤུངས་བྱེད་ཐུབ་དགོས་པ་མ་གཏོགས། ང་ཚོ་མི་འབོར་དང་། དཔལ་འབྱོར་སོགས་ཀྱི་ཐོག་ནས་ནུས་པ་འདྲ་མཉམ་འདོན་ཐུབ་རྒྱུ་ཁག་པོ་ཞེ་དྲག་ཆགས་ཡོད་རེད། དེ་ཡིན་དུས་སློབ་སྦྱོང་རང་གི་ཐོག་ལ་ཤུགས་བརྒྱབ་ནས་གང་ལྟར་འགྱུར་བ་གཏོང་ཐུབ་རྒྱུའི་ནུས་པ་འདོན་ན་ཏན་ཏན་ཕན་ཐོགས་ཆེན་པོ་ཐོན་གྱི་རེད་བསམ་གྱི་འདུག ནང་ཆོས་ཐོག་ནས་ཞུས་ན། གཞི་བདེན་གཉིས། ལམ་ཚོགས་གཉིས། འབྲས་བུ་སྐུ་གཉིས། གང་ལྟར་སོ་སོ་རང་གིས་དཀའ་ལས་བརྒྱབ་ནས་འབྲས་བུ་ཐོན་ཐུབ་དགོས་པ། དེ་བཞིན་ཆབ་སྲིད་ཀྱི་ཐོག་ནས་བསམ་བློ་བཏང་བ་ཡིན་ནའང་། མི་གཅིག་གི་སློབ་སྦྱོང་དང་རྣམ་དཔྱོད་ཐོག་ནས་འཛམ་གླིང་ནང་འགྱུར་བ་གཏོང་ཐུབ་རྒྱུའི་ནུས་པ་ཡོད་རེད། དཔེར་ན་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་གྲུབ་སྲོལ་གཏོད་མཁན་མར་ཁེ་སི་ (Marx) ཁོང་འཇར་མན་དུ་སྐྱེས་པ་ཞིག་ཆགས་ཀྱང་། ཁོང་གི་ལྟ་གྲུབ་ཡུ་རོབ་དང་། ཨུ་རུ་སུ། རྒྱ་ནག་བཅས་ཀྱི་ནང་ཁྱབ་སྤེལ་བྱུང་ནས་འཛམ་གླིང་ནང་འགྱུར་བ་ཤུགས་ཆེན་པོ་བཏང་ཐུབ་ཡོད། དེ་བཞིན་མང་གཙོའི་ལྟ་གྲུབ་དེ་ཡང་ནུབ་ཕྱོགས་ནས་ཚུར་དར་ཡོང་བ་ཞིག་ཡིན། གང་ལྟར་སྤྱི་ཚོགས་ལ་ཕན་ཐོགས་དང་དགོས་མཁོ་ཆགས་ཡོང་དུས་དེ་རང་བཞིན་གྱི་སྤྱི་ཚོགས་ནང་ཁྱབ་ཡོང་བ་དང་། དེས་སྤྱི་ཚོགས་ནང་འགྱུར་བ་གཏོང་གི་ཡོད། དེ་ཡིན་དུས་དེ་ཚོའི་གྲས་མི་གཅིག་གི་རྣམ་དཔྱོད་དང་ནུས་པ་ནས་ཡོང་བསྡད་པ་གསལ་པོ་རེད།
ད་ལྟ་ང་ཚོ་བཙན་བྱོོལ་དང་། བོད་ནང་གི་གནས་སྟངས་རེད། གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་དང་། མཛད་པ་འཕྲིན་ལས་བཅས་ལ་བརྟེན་ནས་བོད་ཟེར་བ་དེ་འཛམ་གླིང་ཐོག་ཚང་མས་ཤེས་ཐུབ་པ་ཞིག་དང་། ཚང་མས་བོད་ཀྱི་ཆོས་དང་རིག་གཞུང་ལ་བརྩི་བཀུར་ཞུ་ཐུབ་པ་ཞིག་ཆགས་ཡོད། དེ་བཞིན་ལྷོ་ཨ་ཕི་རི་ཁའི་སྲིད་འཛིན་ཟུར་པ་ནེལ་སོན་མ་ཌེ་ལ་མི་གཅིག་གིས་རྣམ་དཔྱོད་ལ་བརྟེན་ནས་མི་རིགས་དཀར་ནག་གི་དབྱེ་འབྱེད་ཀྱི་སྲིད་བྱུས་དང་ལྟ་སྟངས་དེ་མེད་པར་ཆགས་ཡོད། བདག་ཉིད་ཆེན་པོ་གན་དྷི་ལྟ་བུར་མཚོན་ན། རྒྱ་གར་རང་བཙན་འཐབ་རྩོད་ནང་ཞུགས་པ་ནས་མཐའ་མ་རང་བཙན་རྩོད་ཐུབ་པའི་ནུས་པ་དེའི་འབྱུང་ཁུངས་དེ་མི་གཅིག་གི་རྣམ་དཔྱོད་ལ་བརྟེན་ནས་ཡོང་བ་ཞིག་རེད། དེ་ཚོའི་གྲས་ཤེས་ཡོན་རང་གི་ཐོག་ནས་ཡོང་ཐུབ་པ་དང་། སོ་སོའི་དམིགས་ཡུལ་ནང་བཞིན་འགྲུབ་ཐུབ་རྒྱུའི་ནུས་པ་ཏན་ཏན་ཡོང་གི་ཡོད། བྱས་ཙང་དེ་ཚོ་ཤེས་ཡོན་རང་གི་ཐོག་ནས་ཡོང་གི་ཡོད་པ་རེད་མ་གཏོགས། གཟུགས་སྟོབས་དང་། དཔལ་འབྱོར་གནས་སྟངས་ཕྱུག་པོ་ཡིན་པའི་ཆ་ནས་ཡོང་ཐབས་མེད། དེ་ཡིན་དུས་སློབ་སྦྱོང་དང་ཤེས་ཡོན་ཐོག་འབད་བརྩོན་བྱེད་དགོས་རྒྱུ་གལ་ཆེ་ཡིན་གནས་དང་།
དེ་བཞིན་སློབ་གྲྭའི་ནང་དགེ་སློབ་ཀྱི་བརྩེ་བ་ཟེར་བ་དེ་གལ་ཆེན་པོ་ཆགས་ཡོད་རེད། བོད་ནང་དགེ་སློབ་ཀྱི་བརྩེ་བ་ཤུགས་ཆེན་པོ་ཞེ་དྲག་ཡོད་རེད། དགེ་རྒན་གཅིག་གིས་དགེ་ཕྲུག་གཅིག་ལ་ལམ་སྟོན་བསླབ་བྱ་གང་གནང་བ་ཡིན་ན། རྡོ་ཁབ་ལེན་གྱིས་ལྕགས་ལེན་པ་ལྟར་སློབ་ཕྲུག་གིས་དགེ་རྒན་གྱི་བསླབ་བྱ་རྣམས་སེམས་ལ་བཅངས་ནས་ལག་བསྟར་བྱེད་ཀྱི་ཡོད། ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་སྤྱིར་བཏང་དེའི་ཐོག་ཡག་པོ་ཡོད་རུང། མུ་མཐུད་ཡར་རྒྱས་གཏོང་ཐུབ་པ་ཡིན་ན། ཏན་ཏན་གྱིས་སློབ་གྲྭའི་གནས་ཚད་ཡག་ཏུ་ཡོང་རྒྱུ། དགེ་རྒན་གྱི་ཤེས་ཡོན་གང་ཡོད་པ་དེ་དག་དགེ་ཕྲུག་གིས་ཤེས་ཐུབ་རྒྱུ། སློབ་ཕྲུག་དེ་ཚོའི་ཐོག་ནས་སྤྱི་ཚོགས་དང་མི་རིགས། རྒྱལ་ཁབ་བཅས་ལ་ཕན་ཐོགས་ཐུབ་པ་སོགས་ཡོང་གི་རེད། བྱས་ཙང་དགེ་སློབ་ཕན་ཚུན་བརྩི་བཀུར་ཡག་པོ་བྱུང་ན། ང་ཚོ་ཐུན་མོང་གི་དམིགས་ཡུལ་འགྲུབ་རྒྱུའི་མཐུན་རྐྱེན་འདྲ་པོ་ཆགས་ཀྱི་ཡོད། དེ་ཚོའི་གྲས་ང་ཚོས་ཡར་རྒྱས་གཏོང་དགོས་རྒྱུ་གལ་ཆེན་པོ་རེད། དེ་བཞིན་དུས་རྟག་ཏུ་༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་གང་གནང་བ་རྣམས་ལག་བསྟར་གནང་ཐུབ་པ་དགོས་པ་གལ་ཆེན་པོ་ཞེ་དྲག་རེད་ཅེས་སོགས་ཀྱི་གསུང་བཤད་གནང་རྗེས། ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དབྱངས་སུ་གྱེར་མཚམས་མཛད་སྒོ་མཇུག་སྒྲིལ་གནང་ཡོད་པ་བཅས། །