ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡༡ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡༠ རེས་གཟའ་མིག་དམར་ཉིན་ཇམ་མུ་ཀ་ཤི་མིར་མངའ་སྡེའི་སྲིད་སྐྱོང་ན་རེནྡྲ་ན་ཐི་ཝོ་ར་ Shri Narinder Nath Vohra མཆོག་ལ་དྭགས་ཀྱི་རྒྱལ་ས་སླེ་ཁུལ་དུ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་སྐབས་ལ་དྭགས་ཞི་བ་ཚལ་ཕོ་བྲང་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་ཡོད་པ་དང་། སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཇམ་མུ་ཀ་ཤི་མིར་མངའ་སྡེའི་སྲིད་སྐྱོང་མཆོག་ལ་དེང་དུས་རྒྱལ་སྤྱིའི་ནང་འཕྲད་བཞིན་པའི་དཀའ་ངལ་སོགས་གྲོས་མོལ་གྱི་ལམ་ནས་སེལ་དགོས་པའི་བཀའ་སློབ་སྩལ་ཡོད་པ་མ་ཟད། མགོན་པོ་གང་ཉིད་མཆོག་གིས་རྒྱ་གར་གནའ་རབས་ཀྱི་ལྟ་གྲུབ་ནང་ཞི་གནས་དང་ལྷག་མཐོང་སོགས་བློའི་རྣམ་གཞག་དང་བྱེད་ལས་སོགས་ཀྱི་སྐོར་ཞིབ་ཕྲ་གསུང་ཡོད་པས། དེ་དག་དེང་རབས་རྒྱ་གར་ནང་སླར་གསོ་གནང་རྒྱུའི་ཆེད་ཕྱག་ལས་གནང་གི་ཡོད་པ་སོགས་ཀྱི་སྐོར་བཀའ་སློབ་སྩལ། ཇམ་མུ་ཀ་ཤི་མིར་མངའ་སྡེའི་སྲིད་སྐྱོང་མཆོག་དང་ལྷན་ཁོང་གི་སྤྱི་ཁྱབ་དྲུང་ཆེ་དང་དྲུང་ཆེ་གཙོ་བོ་རྣམ་གཉིས་ལྷན་བཅར་ཞུས་པ་བཅས། །