ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༧ རེས་གཟའ་སྤེན་པ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་ལམ་སྟོན་འོག་རྒྱ་གར་རྒྱལ་ཡོངས་སུ་བོད་མི་རྣམས་ནས་ཕྱི་ལོ་ ༢༠༡༨ ཧྲིལ་པོར་རྒྱ་གར་གཞུང་དམངས་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་འཆར་གྱི་ཆ་ཤས་སུ། ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༦ ཉིན་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་བརྒྱད་ཅུ་གྱ་གསུམ་བཞེས་པའི་སྐུའི་འཁྲུངས་སྐར་དུས་ཆེན་གྱི་ཉིན་མོ་ཁྱད་པར་ཅན་དང་སྟབས་བསྟུན་ཧོན་སུར་རབ་རྒྱས་གླིང་དང་། སྦེང་ལོར་ལྷོ་སྤྱི་ལས་ཁུངས། ལྡི་ལི་བསམ་ཡས་གླིང་། ཅོན་ཏ་ར། བསུ་ན་མདའ་བཀྲ་ཤིས་གླིང་། སྦན་ད་ར་ནོར་རྒྱས་གླིང་། ལྡེ་ར་ལྡུན། ཀ་སྦུག མེའོ་ཆོས་འཕེལ་གླིང་། ཀོ་ལི་གྷལ་དོན་ལྡན་གླིང་། ཤེས་ལོངས། སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་། སྦེལ་ཀོབ་བདེ་སྐྱིད་སླར་གསོ། སིམ་ལ་དབྱངས་ཅན་དགའ་ཚལ་གླིང་། ཀུམ་རའོ། མོན་གྷོ་འདོད་རྒུ་གླིང་། བསྟན་འཛིན་སྒང་། སྤུ་རུ་ཝ་ལ་ས་སྐྱ་གཞིས་ཆགས། སྤོན་ཊ་ཆོལ་གསུམ། སྦིར་བོད་ཚོགས་བོད་མིའི་གཞིས་ཆགས། སྒང་ཏོག ཀུ་ལུ་དཔལ་རབ་གླིང་བོད་མིའི་གཞིས་ཆགས་བཅས་སོགས་སུ་གཞུང་ལམ་དང་སྲང་ལམ་ཁག་ཏུ་སྡོད་མཁན་ཁྱིམ་མེད་ཉམ་ཐག་སོགས་ལ་ཟས་སྦྱིན་བཏང་སྟེ་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་རྒྱ་ཆེ་སྤེལ་ཡོད།