ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༤ རེས་གཟའ་ལྷག་པ།
༄༅། །ཕྱི་དྲིལ་བོད་ཡིག་ཚན་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་ངག་དབང་ཐོགས་མེད་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་རྒྱལ་ས་སླེ་རུ་རྟེན་གཞི་བྱས་པའི་ཇོ་ཁང་གཙུག་ལག་ཁང་གི་རྟེན་གཙོ་ཇོ་བོ་ཤཱཀྱ་མུ་ནི་གནས་གཟིགས་མཛད་རྗེས་སེར་སྐྱ་མི་མང་རྣམས་ལ་བཀའ་སློབ་སྩལ་སོང་།
སྐབས་དེར་དགའ་ལྡན་ཁྲི་ཟུར་རི་རྫོང་རིན་པོ་ཆེ་མཆོག་དང་། ཁྲིག་རྩེ་རིན་པོ་ཆེ་མཆོག རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ MP ཐུབ་བསྟན་ཚེ་དབང་མཆོག་དང་། མངའ་སྡེའི་གྲོས་ཚོགས་འཐུས་མི་ངག་དབང་རིག་འཛིན་ཇོ་ར་ MLA མཆོག དེ་བཞིན་དགེ་འདུན་པ་ཁག་གཅིག་ཕེབས་འདུག
དེ་ཡང་ལ་དྭགས་ནང་པ་ཚོགས་པའི་ཚོགས་གཙོ་ཚེ་དབང་འཕྲིན་ལས་ལགས་ཀྱིས་ལ་དྭགས་ནང་པ་ཚོགས་པའི་ངོས་ནས་ཧི་མ་ལ་ཡ་དགོན་ཁག་དེ་དག་ཤེས་ཡོན་བསྟི་གནས་ཁང་ཞིག་བཟོ་ཆེད་རྒྱ་གར་གཞུང་ལ་ལོ་གཅིག་གོང་སྙན་སེང་ཞུས་གྲུབ་སྐོར་སོགས་ངོ་སྤྲོད་ལྷ་སྙན་སྒྲོན་འབུལ་ཞུས་གྲུབ་མཚམས་སྤྱི་ནོར་་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྩ་བ་ཤེས་རབ་ཀྱི་མཆོད་བརྗོད་འདོན་གནང་མཛད་དེ་བཀའ་སློབ་སྩལ་དོན། དཔེར་ན་རྒྱ་གར་ནང་མཚོན་ནའང་རིག་ཅན་གྱི་སྟོན་པ་ལ་སོགས་པའི་མུ་སྟེགས་པའི་སྟོན་པ་དེ་འདྲ་མང་པོ་བྱུང་ཡོད།
དེ་བཞིན་དཀྱིལ་ཤར་ཡུལ་གྲུའི་མངའ་ཁུལ་ནང་མཚོན་ནའང་ཡེ་ཤུ་མ་ཤི་ཁ་དང་པྲོ་ཕཌ་མོ་ཧཱ་མད་སོགས་ཀྱིས་མཚོན་འཛམ་གླིང་འདིའི་སྟེང་བྱམས་བརྩེའི་བསླབ་བྱ་སྐྱོན་མཁན་གྱི་སྟོན་པ་མང་པོ་བྱུང་ཡོད།
སངས་རྒྱས་བཅོམ་ལྡན་འདས་ལ་མི་འདྲ་བའི་ཁྱད་ཆོས་གང་ཡོད་བརྗོད་ན། ལྟ་བ་ཐམས་ཅད་སྤངས་པའི་ཕྱིར། ཞེས་ང་ཚོའི་སྡུག་བསྔལ་གྱི་རྩ་བ་དེ་མ་ཤེས་པའི་རྨོངས་པ་དེ་རེད། མ་ཤེས་པ་ཙམ་གྱི་རྨོངས་པ་ཞིག་ཡོད་ཀྱང་གཙོ་བོ་ཕྱིན་ཅི་ལོག་གམ་ལོག་ཤེས་ཀྱི་རྨོངས་པ་དེས་སྡུག་བསྔལ་གྱི་རྩ་བ་བྱེད་བཞིན་ཡོད། དེར་ཤེས་རབ་ཉོན་མོངས་ཅན་ཞེས་ཟེར། དེ་ལྟ་བུའི་ལྟ་བ་ཐམས་ཅད་སྤོང་ཕྱིར་བླང་དོར་གྱི་གནས་སྟོན་པ་ཞེས་བརྗོད། ཅེས་རྩ་བ་ཤེས་རབ་ཀྱི་ཆོས་བརྗོད་དེར་འགྲེལ་བ་སྐྱོན་གནང་མཛད་རྗེས་མུ་མཐུད་བཀའ་སློབ་སྩལ་དོན། རྒྱ་གར་གནའ་རབས་སྲོལ་རྒྱུན་ལྟར་ན། འཛམ་གླིང་ཆོས་ལུགས་ཚང་མར་གུས་ཞབས་ཞུ་རྒྱུའི་ལམ་སྲོལ་དེའི་འོག་ནས་ལོ་སྟོང་ཕྲག་གསུམ་བཞི་ལྷག་རིང་རྒྱ་གར་ནང་ཆོས་ལུགས་མཐུན་སྒྲིལ་ཧ་ལས་པ་ཡོད་པ་མ་ཟད། དུས་ད་ལྟའང་ཧ་ལས་པ་འདུག དེར་བརྟེན་ངོས་ཀྱིས་འཛམ་གླིང་སྟེང་ཆོས་ལུགས་མི་འདྲ་བ་རྒྱུ་མཚན་དུ་བྱས་ནས་འཁྲུག་པ་རྒྱག་པ་དང་། ཕན་ཚུན་གསོད་རེས་བཏང་ཟེར་བ་དེ་ནི་ཧ་ཅང་ཐབས་སྐྱོ་པོ་ཞིག་མཐོང་གི་འདུག
དེར་བརྟེན་ངོས་ཀྱིས་ཆོས་ལུགས་ཕན་ཚུན་ལྟ་གྲུབ་མི་འདྲ་ཡང་བྱམས་བརྩེ་དང་ཆོག་ཤེས། བཟོད་པའི་ཉམས་ལེན་དེ་དག་ཆོས་ལུགས་ཚང་མས་གསུང་བཞིན་ཡོད་སྟབས། ངོས་ཀྱིས་ཆོས་ལུགས་ཚང་མར་གུས་ཞབས་བྱེད་ཀྱི་ཡོད། ལྟ་གྲུབ་ཐོག་ནས་བརྗོད་དགོས་བྱུང་ན་སངས་རྒྱས་པའི་ལྟ་གྲུབ་འདི་གཞན་དང་མི་འདྲ་བ་རེད་འདུག རྟེན་འབྱུང་གི་གཏམ་ཞེས་པ་འདི་དངོས་ཡོད་གནས་ཚུལ་འགྲེལ་བཤད་རྒྱག་ཐུབ་རྒྱུ་འདུག དེང་སྐབས་ཚན་རིག་པ་ཚོས་ཀྱང་རྟེན་འབྱུང་ཞེས་པ་དེར་ཧ་ཅང་དགའ་མོས་བྱེད་བཞིན་འདུག ཅེས་བཀའ་སློབ་སྩལ་བ་དང་།
མགོན་པོ་ཀླུ་སྒྲུབ་ཀྱི་རིག་ཚོགས་དྲུག་གི་བཤད་ལུང་སྔ་མོ་ངོས་ལ་དགེ་བཤེས་རིག་འཛིན་བསྟན་པའི་སྐུ་མདུན་ནས་ཐོབ་པ་འདྲ། ཀླུ་སྒྲུབ་ཀྱི་བྱང་ཆུབ་སེམས་འགྲེལ་ལ་སོགས་པའི་བསྟོད་ཚོགས་ཀྱི་རིགས་མང་པོ་ཞིག་ངོས་ཀྱིས་རི་རྫོང་རིན་པོ་ཆེའི་སྐུ་མདུན་ནས་ཞུས་པ་ཡིན། རིན་པོ་ཆེ་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན། བཤད་ལུང་གི་རིགས་དཀོན་པ་དེ་འདྲ་མང་པོ་ཞིག་ཧི་མ་ལ་ཡ་རི་རྒྱུད་ནས་ཕེབས་པའི་མཁས་པ་ཁུ་ནུ་བླ་མ་རིན་པོ་ཆེ་བསྟན་འཛིན་རྒྱལ་མཚན་དང་། ཁུ་ནུ་དགེ་བཤེས་རིག་འཛིན་བསྟན་པ། རི་རྫོང་རིན་པོ་ཆེ་བཅས་གང་ལྟར་ཧི་མ་ལ་ཡ་རི་རྒྱུད་ནས་ངོས་ཀྱིས་ཆོས་འབྲེལ་དངོས་སུ་ཐོབ་པའི་བླ་མ་བཀའ་དྲིན་ཅན་གསུམ་ས་ཁུལ་འདི་ནས་བྱུང་བ་རེད།
ངོས་རང་ཆུང་དུས་ལྷ་སར་ཡོད་སྐབས་ལ་དྭགས་པ་རེད་བརྗོད་ཀྱི་འདུག གོས་དཀར་པོ་གྱོན་པ་དང་ལྷམ་རྩེ་ཡར་གྱེན་ལ་ལངས་པ་ཧ་ཅང་སྐྱོ་མདོག་ཁ་པོ་ཞིག་མཐོང་གི་ཡོད། ཕྱོགས་མཚུངས་ཁུ་ནུ་བའང་དེ་མཚུངས་ཧ་ཅང་སྐྱོ་མདོག་ཁ་པོ་མཐོང་གི་ཡོད། འོན་ཀྱང་བོད་དུ་ཡོད་སྐབས་མཐོང་ཆུང་བྱེད་སའི་ཡུལ་ལུང་དེ་ནས་ངོས་ཀྱིས་ཆོས་འབྲེལ་ཞུ་སའི་བླ་མ་རྩ་ཆེན་པོ་གསུམ་བྱུང་བ་རེད། ངོས་ཀྱིས་འདི་ལྟར་ཞུ་དགོས་པ་འདི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐུན་མོང་མིན་པའི་གཟབ་རྒྱས་སྟོན་རྒྱུ་དེ་ལྟ་གྲུབ་ཐོག་ནས་སྟོན་དགོས། ལྷ་ཁང་རྫིག་པོ་ཡེ་ཤུ་དང་ཁ་ཆེ། མུ་སྟེགས་པ་སོགས་ཀྱི་ལྷ་ཁང་རྫིག་ཐག་ཆོད་དེ་འདྲ་ཡོད། ཕྱོགས་མཚུངས་སྐུ་བརྙན་རྫིག་པོ་གང་སར་མང་ཐག་ཆོད་ཡོད། ཐུན་མོང་མིན་པ་འདི་བཀའ་འགྱུར་བསྟན་འགྱུར་དེ་འདྲའི་གླེག་བམ་མང་པོ་ཆོས་ལུགས་གཞན་ལ་མེད། དེ་ནི་སྤྱིར་སངས་རྒྱས་པའི་ཆོས། ཡང་སྒོས་དཔལ་ནཱ་ལེནྡྲའི་ཆོས་ལུགས་རྐྱང་རྐྱང་རེད་འདུག
དེར་བརྟེན་ངོས་ཀྱིས་དེང་སྐབས་རྒྱ་གར་ནང་དུ་ཕ་མེས་ཀྱི་ཤེས་ཡོན་དེ་དག་བསྐྱར་གསོ་བྱེད་དགོས་འདུག ཅེས་ངོས་ཀྱིས་འབད་བརྩོན་བྱེད་བཞིན་ཡོད། དེ་སྔ་སྐབས་ཤིག་རྡ་སར་རྒྱ་གར་གཞུང་གི་མཐོ་སློབ་ཞིག་གི་སློབ་སྤྱི་ངོས་རང་ཐུག་སྐབས་ངོས་ཀྱིས་རེ་འདུན་བཏོན་པ་ཡིན། ང་ཚོས་འཆར་གཞི་ཞིག་བཟོ་བཞིན་ཡོད། རྒྱ་གར་ནང་དུ་ཕ་མེས་ཀྱི་རིག་གཞུང་འདི་བསྐྱར་གསོ་བྱ་རྒྱུ་ཆོས་དང་མ་འབྲེལ་བ་ཞིག་རེད། ཆོས་ཟེར་ན་ནང་པ་དང་འབྲེལ་བ་ཡོད་སྟབས་ནང་པའི་སྐད་ཆ་མེད་པར་ཚད་མ་རིག་པ་དང་སེམས་ཁམས་རིག་པ་དེ་ཚོའི་གྲས་ཤེས་ཡོན་རང་གི་ངོ་བོའི་ཐོག་ནས་ང་ཚོས་བསྐྱར་གསོ་བྱེད་དགོས་པ་འདུག ཅེས་བརྗོད་སྐབས་རྡ་སའི་མཐོ་སློབ་དེས་ཁུར་ཧ་ཅང་ལེན་བཞིན་འདུག ཉེ་ལམ་ལྡི་ལི་མངའ་སྡེའི་གཞུང་རང་གིས་ཁུར་བླངས་ནས་དགེ་རྒན་སྟོང་ཕྲག་ལྔ་ཙམ་འཛོམས་ཐོག་ངོས་ཀྱིས་དེའི་སྐོར་སྐད་ཆ་བཤད་པ་ཡིན། དེང་དུས་ཤེས་ཡོན་རྒྱ་གར་ནང་ཧ་ཅང་ཡག་པོ་ཡོད། དཔེར་ན་ཚན་རིག་དང་འཕྲུལ་རིག་སློབ་སྦྱོང་གི་གནས་ཚད་རྒྱ་གར་ནང་ཡག་ཐག་ཆོད་ཡོད།
དེའི་ཐོག་སེམས་ཁམས་རིག་པ་དང་ཚད་མ་རིག་པ་དེ་དག་སྣོན་ཐུབ་ན་ཕྱི་དངོས་པོའི་ཡར་རྒྱས་ཡོད་ཁར་ནང་སེམས་ཀྱི་ཞི་བདེའང་ཡོད་པ་དེ་འདྲ་ཞིག་རྒྱ་གར་ཁོ་ན་ལས་གཞན་ལུང་པ་སུས་ཀྱང་བྱེད་ཐུབ་ཐབས་མེད། རྒྱ་གར་བ་ཚོར་ངོས་ཀྱི་འབོད་སྐུལ་བྱེད་བཞིན་ཡོད། དེ་འདྲ་ཡིན་སྟབས་དགེ་རྒན་དགོས་མཁོ་ཆགས་ཡོད། ཁ་སང་ངོས་ཀྱིས་སེར་འབྲས་ཀྱི་མཁན་པོ་གཅིག་གཉིས་ཕེབས་ཤོག་ཅེས་ལབ་པ་ཡིན། སེར་འབྲས་ཚོས་ད་བར་ལོ་ངོ་སྟོང་ཕྲག་རིང་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་བྱས་ནས་ཉར་ཚགས་བྱེད་བཞིན་འདི་ད་ཆ་རྒྱ་གར་ནང་དུ་སྤེལ་ཐུབ་རྒྱུའི་གོ་སྐབས་ཤོག་སླེབ་བཞིན་འདུག ང་ཚོས་སློབ་སྦྱོང་བྱས་པ་དེ་དག་རྒྱ་གར་ནང་གི་སློབ་གྲྭ་ཆེ་ཁག་དེ་འདྲའི་ནང་དུ་འགྲེལ་བཤད་རྒྱག་ཐུབ་པ་ཞིག་དགོས་འདུག་ཅེས་བརྗོད་པ་ཡིན། དམིགས་ས་དེ་གྲྭ་སའི་སློབ་གཉེར་བ་ཆགས་ཡོད། གཞན་དགེ་རྒན་དམིགས་ས་མེད། གཞན་སུས་ཀྱང་བཤད་ཐུབ་རྒྱུ་མ་རེད། ཅེས་ངོས་ཀྱིས་དེ་ལྟར་བརྗོད་རྒྱུ་བྱུང་།
དེ་དང་ཆབས་གཅིག་ཁྱེད་ཚོ་ཧི་མ་ལ་ཡ་རི་རྒྱུད་ལ་ཡོད་པ་ཁྱེད་ཚོ་ལ་དྭགས་པ་ཚོར་མཚོན་ན། ཧིན་སྐད་དང་ཨིན་སྐད་སོགས་ཤེས་ཀྱི་ཡོད། དེར་བརྟེན་ལ་དྭགས་ནང་ནས་རྒྱ་གར་གནའ་རབས་ཀྱི་རིག་གཞུང་བསྐྱར་གསོ་བྱ་རྒྱུའི་ཐད་ཏོག་ཙམ་ཤུགས་རྒྱག་ཐུབ་པ་ཞིག་བྱོས། རྒྱ་ནག་ལོ་རྒྱུས་ཐོག་ནས་ནང་པའི་ལུང་པ་རེད། ནང་ཆོས་བརྗོད་སྐབས་རང་བཞིན་གྱི་སེམས་ཐག་ཉེ་པོ་ཡོད། མི་འབོར་ལ་མཚོན་ན་ས་ཡ་བཞི་བརྒྱ་ཡོད། རིམ་བཞིན་རྒྱ་ནག་ནང་དུ་སེམས་ཁམས་རིག་པའི་རྣམ་གཞག་དེ་དག་གིས་ཕན་ཐོགས་བྱེད་ཐུབ་རྒྱུ་རེད་བསམ་པ་དྲན་བཞིན་འདུག
རྒྱ་གར་ནང་གནའ་རབས་རིག་གཞུང་བསྐྱར་གསོ་ཐུབ་པ་ཡིན་ན་དེའི་ཤུགས་རྐྱེན་རྒྱ་ནག་ནང་ཐེབས་རྒྱུ་རེད། རྒྱ་དཀར་ནག་གཉིས་ཀྱི་མི་འབོར་སྡོམ་ཚེ་མི་འབོར་དུང་ཕྱུར་བདུན་ཅུ་ཙམ་ཡོད་ཁོངས་ནས་དུང་ཕྱུར་ཉི་ཤུ་རྩ་གྲངས་ཤིག་ཆགས་ཡོད། ཏན་ཏན་འཛམ་གླིང་འདིའི་སྒང་ཤུགས་རྐྱེན་འཐེབ་ཐུབ་རྒྱུ་འདུག ནུབ་ཕྱོགས་རྒྱལ་ཁབ་ལ་སོ་སོ་ཕ་མེས་ཀྱི་ཆོས་བརྒྱུད་ཡོད། ང་ཚོས་བརྩི་བཀུར་ཞུ་རྒྱུ་མ་གཏོགས་རྒྱ་གར་རིག་གཞུང་ཨུ་ཚུགས་བརྒྱབ་ན་ཡག་པོ་མེད། སྒེར་གྱིས་དོ་སྣང་བྱེད་མཁན་ཡོང་རྒྱུ་རེད། ཆེད་མངགས་བརྩོལ་བ་བྱེད་ན་ཡག་པོ་མཐོང་གི་མི་འདུག
ཧི་མ་ལ་ཡི་མི་རིགས་ཡིན་པའི་དགེ་བཤེས་ཁྱེད་ཚོ་རྒྱ་གར་མི་སེར་ཡིན་སྟབས་བྱེད་བདེ་པོ་ཡོད། ང་ཚོ་བཙན་བྱོལ་བ་ཡིན་སྟབས་ཆབ་སྲིད་ཐོག་ནས་ཕྲན་བུ་དཀའ་ངལ་འཕྲད་རྒྱུ་རེད། ངོས་རང་ད་ཆ་ལོ་ན་ ༨༣ ཡིན། ཕལ་ཆེར་ལོ་ངོ་ཉི་ཤུ་རྩ་གྲངས་འཚོ་ཐུབ་རྒྱུ་རེད། དེའི་རིང་ལོ་ངོ་བཅུ་བཅོ་ལྔ་ཙམ་རིང་ངོས་ཀྱི་སྐད་བརྒྱག་ནས་འབད་བརྩོན་ཏོག་ཙམ་བྱེད་ཐུབ་རྒྱུ་རེད། ངོས་རང་མི་གཅིག་གིས་ནུས་པ་འཐོན་རྒྱུ་གང་ཡང་མེད། ཁྱེད་ཚོ་ངོས་ཀྱི་ཨབ་ཕྲུག་ཡིན་ཁུལ་རེད། ཁྲིག་རྩེ་རིན་པོ་ཆེར་མཚོན་ན་ སྤོར་སྐྱོག་སྐྱོག་གཅིག་འཁྱེར་ནས་ངོས་ཀྱི་ཨབ་ཕྲུག་བྱས་ནས་སྔོན་དང་པོར་མཆོངས་ཤོག་ཨང་། ཞེས་ཞལ་ཤོབ་མཛད།
མུ་མཐུད་བཀའ་སློབ་སྩལ་དོན། དེང་སྐབས་འཛམ་གླིང་ནང་བསམ་བློ་གཏོང་སྟངས་ཐོག་ནས་དཀའ་ངལ་འཕྲད་བཞིན་ཡོད། emotional crisis ལུས་པོར་འཕྲོད་བསྟེན་དགོས་པ་ལྟར་བསམ་བློའི་འཕྲོད་བསྟེན་ཡང་དགོས་པ་ཧ་ཅང་གལ་ཆེན་པོ་རེད། དེ་སྔ་རྡ་སའི་གཞུང་གི་མཐོ་སློབ་ཀྱི་གཙོ་འཛིན་ཁོང་དང་ལྷན་སེསམ་ཁམས་རིག་པ་བསླབ་སྐབས་བློ་རིགས་སློབ་དགོས་པ་དང་། ཚད་མ་རིག་པ་བསླབ་དུས་རྟགས་རིགས་སློབ་དགོས་སྟབས་སྔོན་ལ་དགེ་རྒན་ལྔ་བཅུ་ཙམ་ལ་ཟབ་སྦྱོང་ཞིག་སྤྲོད་དགོས་པའི་སྐོར་སྐད་ཆ་བྱུང་། ཉེ་ལམ་ལྡི་ལིར་མངའ་སྡེའི་གཞུང་གིས་གོ་སྒྲིག་གནང་བའི་ལྷན་ཚོགས་སྐབས་བདེ་སྐྱིད་ཇི་ལྟར་སྐྲུན་དགོས་པའི་སྐོར་སྐད་ཆ་བྱུང་། དངུལ་དང་དབང་ཡོད་པ་ཙམ་གྱིས་བདེ་སྐྱིད་ཡོང་མི་ཐུབ། ནད་ལྟར་སྔོན་ལ་ན་ཚ་ངོ་ཤེས་ནས་སྨན་བསྟེན་དགོས། དེ་བཞིན་སེམས་ཀྱི་བདེ་སྐྱིད་ཞེས་པ་འདི་རྒྱུ་རྐྱེན་ལ་བརྟེན་ནས་ཡོང་བཞིན་ཡོད། དེར་བརྟེན་སྔོན་ལ་སེམས་དཀྲུག་མཁན་དེ་ངོ་ཤེས་པ་བྱེད་དགོས། དེར་གཉེན་པོ་བསྟེན་ན་སེམས་ནང་བདེ་སྐྱིད་ཡོང་ཐུབ། ཚེས་ ༨།༩ ཉིན་བདེ་སྐྱིད་བསྒྲུབ་སྟངས་སྐོར་སེསམ་ཁམས་རིག་པའི་ཚོགས་འདུ་ཞིག་ཚུགས་རྒྱུ་རེད། ང་ཚོར་ཏན་ཏན་མདུན་ལམ་ཆེན་པོ་ཡོད་པ་ལྟ་བུ་ཞིག་འདུག ཉི་འོང་ལ་མཚོན་ན་དངོས་པོའི་ཡར་རྒྱས་ཧ་ཅང་ཚད་མཐོན་པོར་སོན་ཡོད། འོན་ཀྱང་རང་སྲོག་གཅོད་མཁན་གྲངས་ཚད་ཧ་ཅང་མཐོན་པོ་རེད། ངོས་ཀྱིས་གོ་ཐོས་བྱུང་བ་ལྟར་ན་ལ་དྭགས་ནང་དུའང་རང་ཤོ་རྒྱག་མཁན་ཏོག་ཙམ་ཡོང་བཞིན་ཡོད་པ་གོ་བྱུང་། དེར་བརྟེན་སློབ་གྲྭའི་ནང་ཆོས་དང་འབྲེལ་ནས་བཤད་ན་ལ་དྭགས་སློབ་གྲྭའི་ནང་ཁ་ཆེ་ཡོད། ཡེ་ཤུ་ཡོད། ཆོས་དད་མེད་མཁན་ཡང་ཡོང་སྲིད་པ་རེད། དེར་བརྟེན་ཆོས་དང་འབྲེལ་ནས་བཤད་ན་ཡག་པོ་མེད། ང་ཚོས་ཆོས་ཁྱབ་སྤེལ་བྱ་རྒྱུའི་འདུ་ཤེས་མིན་པར་ནང་པའི་གཞུང་ནས་སེམས་ཁམས་རིག་པ་དང་། གོང་དུ་བརྗོད་པ་ལྟར་emotional hyigiene ཚད་མ་རིག་པ་དེ་ཚོའི་གྲས་སློབ་གྲྭའི་ནང་ཏོག་ཙམ་བསླབ་ཐུབ་པ་ཞིག་བྱུང་བ་ཡིན་ན་སེམས་མ་སྐྱིད་པ་བྱས། ང་རྒྱལ་དང་འགྲན་སེམས་ཧ་ཅང་ཤུགས་ཆེན་པོ་བསླེབ་སྐབས་སེམས་མ་སྐྱིད་པ་བྱས་ནས་རང་ཤི་རྒྱག་མཁན་དེ་ཚོའི་གྲས་རྟགས་མཚན་གཅིག་གང་ཡིན་བརྗོད་ན་སེམས་ནང་རེ་དོགས་མང་པོ་སྐྱེ་ཡོང་སྐབས་གཉེན་པོ་བསྟེན་མ་ཤེས་པའི་རྐྱེན་གྱིས་རང་སྲོག་རང་གིས་གཅོད་བཞིན་ཡོད། ཅེས་བཀའ་སློབ་སྩལ།