ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢ རེས་གཟའ་ཟླ་བ།
༄༅། །འདི་གར་བྱང་ཨ་རི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཨ་རིའི་ནང་ཡོད་པའི་མེ་ལོང་གསར་ཁང་ (MirrorMedia) དུ་རེས་གཟའ་པ་སངས་ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་དང་༧གོང་ས་ཏཱ་ལའི་བླ་མ་མཆོག་རྣམ་གཉིས་མཇལ་འཕྲད་གནང་སྲིད་དམ་ཞེས་པའི་བརྗོད་གཞི་ལས་འཕྲོས་ཏེ་དུས་ཡུན་ཆུ་ཚོད་གསུམ་རིང་བོད་ཀྱི་གནད་དོན་སྐོར་བགྲོ་གླེང་གནང་ཡོད།
དེ་ཡང་བགྲོ་གླེང་ཚོགས་འདུ་གྲ་སྒྲིག་གནང་མཁན་ནི་རྒྱ་ནག་ཞིབ་འཇུག་ཁང་ (China Researche Net) ཡིན་པ་དང་། ཀོ་ལིམ་སྦི་ཡ་གཙུག་ལག་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཀྲང་སྦོ་ཧྲུའུ་ (Zhang Boshu) ལགས་དང་། ནིའུ་ཡོག་གྲོང་ཁྱེར་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཤཱ་མིང་(Xia Ming) ལགས་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་དེང་རབས་ཚན་རིག་པའི་དབར་བགྲོ་གླེང་ཞེས་པའི་དཔེ་དེབ་ཀྱི་རྩོམ་པ་པོ་ཏིང་དབྱི་ཕུ་(Ding Yifu)ལགས། དེ་བཞིན་ ༼ཕྱི་ལོ་ ༡༩༥༩ ལོའི་ལྷ་ས།༽ ༼ལྕགས་བྱི་གུང་དུ་འཕུར་སྐབས།༽ ༼བོད་དུ་གསང་བའི་འགྲུལ་བཞུད་སྐོོར་བཀོད་པ།༽ ༼བསྐྱར་དུ་འཁྲུངས་པའི་སྤྱན་རས་གཟིགས།༽ ཞེས་པའི་དཔེ་དེབ་ཀྱི་རྩོམ་པ་པོ་ལི་ཅང་ལིན་(Li Jianglin) ལགས། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲིས་ལགས། ཧོང་ཀོང་ནས་ཡིན་ཞིང་། ༼ལ་བརྒྱབ་ཆུ་བརྒལ་བོད་མཐོང་། ༧གོང་ས་ཏཱ་ལའི་བླ་མ་རང་ཁྱིམ་དུ་ཕེབས་དགོས་པ།༽ ཞེས་པའི་དཔེ་དེབ་ཀྱི་རྩོམ་པ་པོ་ཅི་ཧྲོ་མིང་(Ji Shuoming) ལགས་བཅས་བགྲོ་གླེང་ཚོགས་འདུར་གདན་ཞུ་གནང་ཡོད་ཅིང་། མེ་ལོང་གསར་ཁང་གི་འགན་འཛིན་སྐུ་ཞབས་ཧ་ཕིང་(He Ping) ལགས་ཀྱིས་བགྲོ་གླེང་ཚོགས་འདུ་གཙོ་སྐྱོང་གནང་ཡོད།
ལྟ་ཚུལ་དང་བསམ་ཚུལ་ཕྲན་བུའི་མི་འདྲ་བའི་རྒྱ་རིགས་མཁས་པ་རྣམས་དང་། བྱང་ཨ་རི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པས་དུས་ཡུན་ཆུ་ཚོད་གསུམ་རིང་ལོ་རྒྱུས་ཐོག་གི་བོད་འདི་རང་བཙན་ཡིན་མིན་དང་། དབུ་མའི་ལམ་དང་རང་བཙན་གྱི་སྐོར། ༸སྐུའི་ཡང་སྲིད་སྐོར། རྒྱ་རིགས་དང་། བོད་རིགས་དབར་མི་འདྲ་བ་ག་རེ་ཡོད་པའི་སྐོར། ཞི་ཅིང་ཕིང་དང་༧གོང་ས་ཏཱ་ལའི་བླ་མ་རྣམ་གཉིས་མཇལ་འཕྲད་ཡོང་དང་མི་ཡོང་སོགས་ཀྱི་གནད་དོན་ཐད་བགྲོ་གླེང་གནང་ཡོད་པ་དང་། བགྲོ་གླེང་ཚོགས་འདུའི་རིང་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་ལོ་རྒྱུས་ཐོག་བོད་འདི་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། དེང་སྐབས་བོད་མི་ཚོས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པའི་སྐོར་དང་། ༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་སྐོར། རྒྱ་རིགས་དང་བོད་རིགས་དབར་ཁྱད་པར་ག་རེ་ཡོད་པ། ༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བོད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ལྡེ་མིག་ཡིན་པ་སོགས་བོད་མིའི་མངོན་འདོད་དང་ལངས་ཕྱོགས་གསལ་པོར་མཚོན་པ་གནང་ཡོད་པ་རེད།
དུས་ཡུན་ཆུ་ཚོད་གསུམ་གྱི་བགྲོ་གླེང་ཚོགས་འདུ་ཚ་ཚང་མེ་ལོང་གསར་ཁང་ནས་ཐད་ཀར་རྒྱང་བསྲིངས་གནང་ཡོད་པ་དང་། གལ་སྲིད་རྒྱ་སྐད་མཁྱེན་མཁན་ཚོས་གཟིགས་འདོད་ཡོད་ཚེ། ཆ་ཚང་ཡུ་ཁྲུབ་དྲྭ་རྒྱ་ནས་གཟིགས་ཐུབ།
ཐེངས་འདིའི་བགྲོ་གླེང་ཚོགས་འདུ་གྲ་སྒྲིག་གནང་མཁན་རྒྱ་ནག་ཞིབ་འཇུག་ཁང་(China Researche Net) ཞེས་པའི་ཚོགས་པ་དེ་ནི་ཕྱི་ལོ་ ༢༠༡༣ ལོར་ཨ་རི་གཞུང་ལ་དེབ་སྐྱེལ་བྱས་པའི་ཁེ་མེད་ཚོགས་པ་ཞིག་ཡིན་པ་དང་། རྒྱ་ནག་དང་རྒྱལ་སྤྱིའི་གནད་དོན་སྣེ་མང་ཐོག་བགྲོ་གླེང་གནང་གི་ཡོད་པ་མ་ཟད། ཞིབ་འཇུག་གི་སྙན་ཐོ་ཡང་མང་པོ་འདོན་སྤེལ་བྱས་ཡོད། ཐེངས་འདིའི་བགྲོ་གླེང་ཚོགས་འདུ་དེ་ཞིབ་འཇུག་ཁང་གི་བགྲོ་གླེང་ཚོགས་འདུ་ཐེངས་ ༤༩ པ་དེ་ཡིན་པ་རེད། །