ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༥ རེས་གཟའ་མིག་དམར།
༄༅། །འདི་གར་བྱང་ཨ་རི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༢ ཉིན་གྱི་ཕྱེད་ཡུལ་ཆུ་ཚོད་ ༥ ཐོག་སྦར་ལེང་ཁྲུང་གྲོང་ཁྱེར་གྱི་ཡེ་ཤུ་ཚོགས་ཁང་ནང་དུ་ཝར་མོན་མངའ་སྡེའི་ནང་བོད་མི་གཞིས་སྤོས་བྱས་ནས་ལོ་ངོ་ ༢༥ ཧྲིལ་པོ་འཁོར་བའི་མཛད་སྒོ་ཞིག་ཝར་མོན་བོད་རིགས་སྤྱི་མཐུན་ཚོགས་པས་གོ་སྒྲིག་གཟབ་རྒྱས་གནང་ཡོད།
དེ་ཡང་མཛད་སྒོའི་སྐུ་མགྲོན་གཙོ་བོ་བྱང་ཨ་རི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་དང་། དམིགས་བསལ་སྐུ་མགྲོན་ཨ་རིའི་གྲོས་ཚོགས་གོང་མའི་ཚོགས་མི་སྐུ་ཞབས་པེ་ཁྲིག་ཇོ་སེབ་ལེ་ཧི་ Patrick Joseph Leahy མཆོག གྲོང་ཁྱེར་སྦར་ལེང་ཁྲུང་ Burlington གི་སྤྱི་ཁྱབ་པ་སྐུ་ཞབས་མེའི་རོ་ཝེར་སྦར་སྒེར་ Miro Weinberger ལགས་སོགས་ས་གནས་ཀྱི་དཔོན་རིགས་ཁག་གཅིག་དང་། ལྷག་པར་ཕྱི་ལོ་ ༡༩༩༣ ལོར་བོད་མི་ ༡༠༠༠ ཨ་རིར་གཞིས་སྤོས་ལས་འཆར་ཁོངས་ནས་བོད་མི་ ༢༦ ཨ་རིའི་མངའ་སྡེ་ཝར་མོན་གྲོང་ཁྱེར་སྦར་ལེང་ནང་བོད་མི་གཞིས་སྤོས་ལས་འཆར་ Tibetan Resettlement Project, Burlington ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཇི་རར་ཌེ་ཧ་སེའི་ Gerard G.Haase མཆོག་དང་། ལས་འཆར་འཛིན་སྐྱོང་འགན་འཛིན་སྐུ་ཞབས་ཇེམ་སི་ཁེ་ལེའི་ James D.Kelley ལགས་སོགས་སྐབས་དེའི་བོད་མི་རྣམས་ཀྱི་ལས་འཚོལ་དང་གསོ་སྐྱོང་གནང་མཁན་ཁྱོན་བསྡོམས་སྦྱིན་བདག་མི་གྲངས ༤༠ ལྷག་མགྲོན་འབོད་གནང་འདུག མཛད་སྒོའི་ཐོག་ས་གནས་བོད་ཕྲུག་གཞོན་སྐྱེས་ཕོ་མོ་རྣམས་ནས་བོད་ཀྱི་གཞས་དང་ཞབས་བྲོ་འཁྲབ་སྟོན་ཞུས་ཡོད།
སྐབས་དེར་སྐུ་ཚབ་དོན་གཅོད་ཀྱིས་ཨ་རིའི་དབུས་ས་གཞུང་དང་སྦྱིན་བདག་མི་སྒེར་པ་སོགས་ཚང་མས་ད་བར་བོད་མིའི་རྩ་དོན་སྤྱི་དང་། ལྷག་པར་བོད་མི་གཞིས་སྤོས་བ་སྒེར་སོགས་བོད་མི་རྣམས་ལ་བཀའ་དྲིན་ཤིན་ཏུ་ཆེ་བ་མ་ཟད། སྤྱི་ནོར་༧གོང་ས༧སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་རྒྱབ་སྐྱོར་སྔ་ཕྱི་བར་གསུམ་དུ་གནང་བར་ཐུགས་རྗེ་བླ་མེད་དུ་ཆེ་ཞེས་དང་། ཡང་ཝར་མོན་ནང་གཞིས་སྤོས་བྱས་པའི་བོད་མི་རྣམས་ཀྱི་འཚོ་བའི་གནས་སྟངས་དང་ལྷག་པར་བུ་ཕྲུག་གཞོན་སྐྱེས་རྣམས་མཐོ་འབྲིང་དམའ་གསུམ་ས་གནས་སློབ་གྲྭ་ཁག་ནང་སློབ་སྦྱོང་གི་གོ་སྐབས་ཧ་ཅང་བཟང་པོ་བྱུང་འདུག་པས་ས་གནས་གཞུང་དང་སྦྱིན་བདག་སོགས་ཡུལ་མི་རྣམས་ལ་ཐུགས་རྗེ་ཆེ་ཞུས་ཡོད།
ཕྱི་ལོ་ ༡༩༩༣ ལོར་ཨ་རིའི་ནང་བོད་མི་གཞིས་སྤོས་མི་གྲངས ༡༠༠༠ ཁོངས་ནས། ཝར་མོན་མངའ་སྡེའི་གྲོང་ཁྱེར་སྦར་ལེང་ཁྲུང་དུ་ཕྱི་ལོ་ ༡༩༩༣ ཟླ་ ༦ ཚེས་ ༢ ཉིན་ཡོང་ཐེངས་དང་པོའི་ནང་སྐལ་བཟང་རྣམ་རྒྱལ་ལགས་དང་། ཟླ་བ་ཚེ་རིང་སྦྱིན་པ་ལགས། བཀྲ་ཤིས་ཆོས་འཛོམས་ལགས་བཅས་མི་གྲངས་ ༣ འབྱོར་ཡོད་པ་དང་། དེ་ནས་ཡོང་ཐེངས་གཉིས་པ་དང་གསུམ་པ་རིམ་བཞིན་འབྱོར་ནས་ཁྱོན་བསྡོམས་མི་གྲངས་ ༢༦ གཞིས་སྤོས་བྱས་ཡོད། ད་ལྟའི་སྐབས་སུ་གྲོང་ཁྱེར་སྦར་ལེང་ཁྲུང་ནང་བོད་མི་ཁྱིམ་ཚང་གྲངས་ ༣༧ དང་བསྡོམས་བོད་མི་གྲངས་ ༡༤༧ འཚོ་གནས་བྱེད་བཞིན་ཡོད། བྱང་ཨ་རིའི་ནང་བོད་མི་གཞིས་སྤོས་བྱས་ནས་དུས་དྲན་མཛད་སྒོ་འདི་ལྟ་བུ་ཚོགས་པ་ཐོག་མའམ་ཐེངས་དང་པོ་དེ་ཡིན།
ཕྱི་ལོ་ ༢༠༡༧ དང་ ༢༠༡༨ ནང་ཝར་མོན་མངའ་སྡེའི་གྲོང་ཁྱེར་སྦར་ལེང་ཁྲུང་ནང་གནས་སྡོད་བོད་མི་གྲངས་ ༡༤༧ ཡོད་པ་ནས་བུ་ཕྲུག་རང་ལོ་ ༦ མན་ཡིན་པ་གྲངས་ ༢༥ ཕུད་གཞན་ལྷག་མ་མི་གྲངས་ ༡༢༢ ཚང་མས་དཔྱ་དེབ་འབུལ་འབབ་ཆ་ཚང་བྱང་ཨ་རི་སྐུ་ཚབ་དོན་གཅོད་ཁང་དུ་གཙང་འབུལ་བྱས་པ་དང་། ས་གནས་འདི་ནས་དྭང་བླང་དཔྱ་དངུལ་འབུལ་ཚད་བརྒྱ་ཆ་བརྒྱ་ཟིན་ཡོད་འདུག་པ་བཅས།།