༢༠༡༨ ཟླ་ ༦ ཚེས་ ༢༠ རེས་གཟའ་ལྷག་པ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༦ ཉིན་ཕྱི་ལུགས་ལྟར་དགུང་གྲངས་ ༨༣ ཕེབས་ཀྱི་ཡོད་སྟབས། ཡུ་རོབ་སྦར་སེལ་སྐུ་ཚབ་དོན་ཁང་གི་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡༩ ཉིན་ཡུ་རོབ་གྲོས་ཚོགས་ཀྱི་ཉེ་འགྲམ་དུ་ཡོད་པའི་ Solvay Library ཞེས་པའི་དཔེ་མཛོད་ཁང་དུ་ཡུ་རོབ་གྲོས་ཚོགས་ཀྱི་ལས་རིམ་དང་སྟབས་བསྟུན་༸སྐུའི་འཁྲུངས་སྐར་དུས་ཆེན་སྔ་སྣུར་ཐོག་སྲུང་བརྩི་གཟབ་རྒྱས་ཞུས་འདུག་པ་དང་། སྐབས་དེར་ཡུ་རོབ་གྲོས་ཚོགས་འཐུས་མི་བརྒྱད་ཅུ་གྱ་བརྒྱད་བཅར་འདུག
དེ་ཡང་མཛད་སྒོའི་ཐོག་མར་མེ་ཏོག་རིན་པོ་ཆེ་མཆོག་དང་བླ་མ་བཟོད་པ་རིན་པོ་ཆེ་མཆོག་གིས་སྨོན་ལམ་གསུང་འདོན་དང་། བསྟན་འཛིན་ནོར་བུ་ལགས་དང་བདེ་ཆེན་ལགས་ཀྱིས་ནང་མ་སྟོད་གཞས་གཟིགས་འབུལ་ཞུས། དེ་ཉིན་ཕྱེད་ཡོལ་བོད་ཀྱི་ཐུན་མིན་ལེགས་བྱང་དང་། སྤྱི་ཚོགས། ཆོས་ལུགས་ཀྱི་བྱེད་སྒོ་འདྲ་མིན་ཡོད་པའི་རྣམ་པ་ཁག་གཟིགས་འབུལ་ཞུས། ཕྱོགས་མཚུངས་བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་སྐོར་ཡང་ངོ་སྤྲོད་གནང་ཡོད་འདུག
སྐབས་དེར་ཧོ་ལན་ཌི་མི་རིགས་ཡིན་པ་ཁི་རི་སི་ཊིན་ Christian Rousseau ལགས་ཀྱིས་ལོ་ངོ་ཉི་ཤུའི་གོང་བོད་ནང་བསྐྱོད་པའི་ཉམས་མྱོང་སྐོར་བྲིས་པའི་བོད་དོན་དང་འབྲེལ་བའི་རི་མོ་མི་འདྲ་བ་ཉི་ཤུ་རྩ་བརྒྱད་འགྲེམས་སྟོན་གནང་བ་དང་། དེ་བཞིན་ TASCHEN ཞེས་པའི་འཇར་མན་ཁེ་ལས་ཚོགས་པ་ཞིག་གིས་བོད་ཀྱི་ལྡེབས་རིས་ Murals of Tibet ཞེས་པའི་ལྡེབས་རིས་གྲངས་ཆིག་སྟོང་འགྲེམས་སྟོན་གནང་འདུག
ལྡེབས་རིས་དེ་དག་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་སྨོན་མཛད་པ་མ་ཟད། མཚན་རྟགས་ཀྱང་བསྩལ་ཡོད་འདུག ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཐོ་མ་སི་མན་ Thomas Mann མཆོག་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལས་བྱེད་ཝིན་སེན་མི་ཊེན་ Mr. Vincent Metten ལགས། སྦར་སེལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་བཅས་ནས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་བར་ཡུ་རོབ་ལ་ཐུགས་རྗེ་ཆེ་ཞུ་ “Thank You Europe – For Hoisting the Tibetan Flag” ཞེས་པའི་དཔེ་དེབ་དབུ་འབྱེད་གནང་ཡོད་པ་བཅས།