༢༠༡༨ ཟླ་ ༦ ཚེས་ ༢༧ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༢༩ རེས་གཟའ་པ་སངས་སྔ་དྲོ་ཆུ་ཚོད་ ༧།༣༠ ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་རྒྱལ་ས་ལྡི་ལི་དང་། རྒྱ་གར་བྱང་ཕྱོགས་ལ་དྭགས་སུ་ཆིབས་སྒྱུར་སྐྱོང་སྐབས་དད་ལྡན་སེར་སྐྱ་མང་ཚོགས་ཀྱིས་ལག་ཏུ་མཇལ་དར་སོགས་ཐོགས་ནས་དགའ་དད་སྤྲོ་གསུམ་སྒོ་ནས་ཕེབས་སྐྱེལ་ཞུས་འདུག
དེ་ཡང་མཛད་འཆར་ལྟར་ན་མགོན་པོ་གང་ཉིད་མཆོག་ཕྱི་ཟླ་ ༧ ཚེས་ ༡ རེས་གཟའ་ཉི་མའི་ཉིན་བཅར་འདྲི་དང་ལེན་མཛད་རྒྱུས་མཚོན་མཇལ་ཁ་སྩལ་རྒྱུ་སོགས་ཀྱི་མཛད་འཆར་ཁག་གཅིག་ཡོད་འདུག་པ་མ་ཟད།
ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢ ཉིན་རྒྱལ་ས་ལྡི་ལིའི་མངའ་སྡེ་གཞུང་གི་སྟངས་འཛིན་འོག་ཡོད་པའི་སྔོན་འགྲོ་ནས་འཛིན་རིམ་བརྒྱད་པའི་བར་གྱི་སློབ་གྲྭ་ཚང་མའི་ནང་། བདེ་སྐྱིད་སྐྲུན་ཐབས། Happiness Curriculum ཞེས་པའི་སློབ་ཚན་ཁྲིད་གནང་རྒྱུ་ཡིན་པ་དེ་ཉིད་དབུ་འབྱེད་མཛད་རྒྱུ་དང་།
ཕྱི་ཚེས་ ༣ ཉིན་ལྡི་ལི་ནས་མཁའ་ལམ་བརྒྱུད་ལ་དྭགས་སུ་ཆིབས་སྒྱུར་བཀའ་དྲིན་བསྐྱང་ནས་ཕྱི་ཟླ་ ༧ ཚེས་ ༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་ ༨༣ བཞེས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུ་རྒྱུ་དང་། ཕྱི་ཚེས་ ༡༠ ནས་ ༡༢ བར་ཞི་བའི་འཚལ་ཕོ་བྲང་དུ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་བཀའ་ཆོས་འཕྲོ་སྐྱོང་མཛད་རྒྱུ།
ཕྱི་ཟླ་ ༧ ཚེས་ ༡༣ ཉིན་ནུབ་ར་བསམ་གཏན་གླིང་དགོན་པ་སོགས་སུ་མཛད་འཕྲིན་རྒྱ་ཆེ་བསྐྱངས་རྗེས་ཕྱི་ཟླ་ ༧ ཚེས་ ༢༡ ནུབ་ར་ནས་མཁའ་ལམ་བརྒྱུད་རྡ་སར་༸ཞབས་སོར་འཁོད་གནང་མཛད་རྒྱུ་ཡིན་འདུག་པ་བཅས། །