༢༠༡༨ ཟླ་ ༦ ཚེས་ ༢༥ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༢༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་རྒྱའི་ལམ་ནས་ཨོ་གླིང་གྲོང་ཁྱེར་སི་ཌི་ནིར་ Sydney རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཚོགས་ཁང་ཆེན་མོའི་ International Convention Centre ནང་མང་ཚོགས་དོན་གཉེར་བ་ཁག་གཅིག་དང་ལྷན། བདེ་སྐྱིད་དང་དེའི་རྒྱུ་རྐྱེན་ངོ་མ་གང་ཡིན། ཞེས་པའི་བརྗོད་གཞིའི་ཐོག་གླེང་མོལ་མཛད་སྐབས། མགོན་པོ་གང་ཉིད་མཆོག་གི་༸སྐུའི་འཕྲོད་བཞེས་དང་འབྲེལ་བའི་སྐོར་བཀའ་སློབ་སྩལ་དོན། ངོས་རང་ད་ཆ་ལོ་ན་ ༨༣ ཡིན། འོན་ཀྱང་ལུས་པོའི་འཕྲོད་བསྟེན་ཐོག་ནས་བརྗོད་ན་བདེ་ཐག་ཆོད་ཡོད། དེར་བརྟེན་ད་དུང་མུ་མཐུད་ལོ་བཅོ་ལྔ་ཉི་ཤུ་འཚོ་ཐུབ་རྒྱུར་རེ་བ་བྱེད་བཞིན་ཡོད། ཁྱེད་རང་ཚོས་ངོས་ཀྱི་སྐད་ལ་དཔྱད་པ་བྱོས་དང་སྐད་གདངས་ད་ལྟ་ཡག་ཐག་ཆོད་ཡོད།
ངོས་ཀྱིས་དུས་རྒྱུན་རྒྱ་གར་སྐོར་སྲུང་མི་སྣ་ཚོར་སྔ་དྲོ་ཐུག་སྐབས་ངོས་རང་ལོ་ན་ག་ཚོད་འདྲ་པོ་འདུག ཅེས་འདྲི་སྐབས་ཁོང་ཚོའི་ཁྲོད་མང་པོ་ཞིག་གིས་ངོས་རང་ལོ་ན་བདུན་ཅུའི་ནང་ཡིན་ས་རེད། ཅེས་ཚོད་དཔག་བྱེད་སྐབས་ངོས་ཀྱིས་ཁོང་ཚོར་ངོས་རང་ལོ་ན་བརྒྱད་ཅུའི་ནང་སླེབ་ཡོད་སྐོར་བརྗོད་ཀྱི་ཡོད། ཁོང་ཚོས་ངོས་རང་ངོ་མདོག་ཡག་པོ་འདུག ཅེས་བརྗོད་ཀྱི་འདུག་ཅེས་དང་།
དེ་བཞིན་མགོན་པོ་གང་ཉིད་མཆོག་གིས་ཆབ་སྲིད་ཀྱི་གནད་དོན་ཐོག་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་། བོད་ནང་གི་གནས་སྟངས། དེང་སྐབས་འཛམ་གླིང་ནང་གི་རྩོད་རྙོག ༸སྐུའི་རླབས་ཆེན་གྱི་མཛད་ཁུར་སྐོར། ༸སྐུ་ཚེའི་ནང་ནོར་འཁྲུལ་གང་མཛད་པའི་སྐོར་གྱི་དྲི་བར་བཀའ་ལན་སྩལ་དོན། ཆབ་སྲིད་ཀྱི་གནད་དོན་ཐོག་ངོས་ཀྱིས་བསམ་པར་ནོར་འཁྲུལ་ཆེ་བ་གང་ཡང་ཤོར་མེད། ངོས་རང་ལོ་ན་བཅུ་དྲུག་སྐབས་ཆབ་སྲིད་ཀྱི་འགན་འཁྱེར་བ་ཡིན། སྐབས་དེར་བོད་ནང་གི་གནས་སྟངས་ཧ་ཅང་ཛ་དྲག་པོ་ཆགས་ཡོད་སྟབས་རྒྱལ་ཚབ་ནས་ངོས་ཀྱིས་འགན་འཁྱེར་དགོས་པ་གསུངས།
༸སྐུ་མདུན་༸སྐུ་གོངས་མས་དགུང་ལོ་ ༡༨ སྐབས་ཆབ་སྲིད་ཀྱི་འགན་བཞེས་ཡོད། ངོས་རང་ལོ་ན་ ༡༦ ལས་སོན་མེད་སྟབས་ཆབ་སྲིད་ཀྱི་འགན་འཁྱེར་རྒྱུ་སྔ་དྲགས་སྐོར་རྒྱལ་ཚབ་ལ་ཞུས་ཀྱང་ཛ་དྲག་གི་གནས་སྟངས་འོག་འགན་འཁྱེར་དགོས་བྱུང་། དེར་བརྟེན་ངོས་ཀྱི་རང་དབང་བརླགས་པ་རེད། དེ་ནས་ལོ་ན་ ༢༤ སོན་སྐབས་རྒྱལ་ཁབ་ཤོར་ནས་དཀའ་ངལ་ཧ་ཅང་འཕྲད་བྱུང་། འོན་ཀྱང་ད་ཆ་ཕྱི་བལྟས་སློག་སྐབས་དེ་དུས་དཀའ་ངལ་ཧ་ཅང་འཕྲད་ཡོད་ཀྱང་ནོར་འཁྲུལ་ཚབས་ཆེ་རིགས་བྱུང་མེད།
ངོས་ཀྱིས་གང་ཐག་གཅོད་བྱས་པའི་གནད་དོན་དེ་དག་མཐར་འགྲིག་པ་ཞིག་ཐོག་ལ་ཕྱིན་འདུག་བསམ་པ་དྲན་གྱི་འདུག དེ་སྔ་སྐབས་ཤིག་ལ་གཞུང་ཞབས་ལས་བྱེད་རྙིང་པ་ཞིག་ལ་ཕྱི་ལོ་ ༡༩༥༩ ལོར་ངོས་རང་ལྷ་ས་ནས་བྲོས་པ་ཡིན་ན་གང་འདྲ་བྱས་ཡོང་སྙམ་པའི་སྐྱི་གཡའ་དགོས་པའི་ཚོར་སྣང་བྱུང་ཡང་ཕྱིས་སུ་བོད་ནང་རྒྱ་ནག་གཞུང་གིས་རིག་གནས་གསར་བརྗེ་ཟེར་བ་ལག་བསྟར་བྱེད་སྐབས་ལྷ་ས་ནས་བྲོས་པ་དེ་འགྲིག་འདུག་བསམ་པ་བྱུང་འདུག དེར་བརྟེན་ཕུགས་ལ་བསམ་བློ་གཏོང་སྐབས་ངོས་ཀྱི་ཐག་གཅོད་ཆེ་བ་དེ་དག་ཚང་མ་འགྲིག་འདུག
ཕྱི་ལོ་ ༢༠༠༡ ལོར་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་མང་གཙོའི་ལམ་ནས་འོས་འདེམས་བྱས་ཡོད་སྟབས། ལོ་བཅུ་ཙམ་རིང་ངོས་རང་ཕྱེད་རྒས་ཡོལ་གྱི་གནས་བབ་འོག་བསྡད་པ་ཡིན། དེ་ནས་ཕྱི་ལོ་ ༢༠༡༡ ལོར་ངོས་རང་བོད་མིའི་ཆབ་སྲིད་ཀྱི་ལས་འགན་ནས་རྒས་ཡོལ་ཆ་ཚང་ཞུས་ཟིན་པར་བརྟེན་ད་ཆ་རང་དབང་ཡིན། ཞེས་བཀའ་ལན་སྩལ།
དེ་རྗེས་ཚོགས་བཅར་བ་ཞིག་གིས་བོད་ནང་གི་གནས་སྟངས་ཐུགས་ལ་འཁྲུངས་སྐབས་ཐུགས་སྐྱོ་སྣང་གི་ཚོར་བར་གདོང་ལེན་ཇི་ལྟར་མཛད་བཞིན་ཡོད་སྐོར་གྱི་དྲི་བར་བཀའ་ལན་སྩལ་དོན། བོད་མི་ཚོ་ལས་འབྲས་ལ་ཡིད་ཆེས་བྱེད་མཁན་རེད། བོད་མིའི་དཀའ་ངལ་དེའང་རྣམ་སྨིན་གྱི་འབྲས་བུ་སྨིན་པ་ཞིག་རེད། རྒྱ་ནག་གི་ལོ་རྒྱུས་དེབ་ཐེར་ནང་གསལ་ལྟར་ན། དུས་རབས་ ༧།༨།༩ སྐབས་ཨེ་ཤི་ཡའི་ཁྱོན་དུ་མངའ་ཐང་འདྲ་མཉམ་ཅན་གྱི་རྒྱལ་ཕྲན་གཙོ་བོ་གསུམ་བྱུང་ཡོད། རྒྱ་ནག་དང་བོད། སོག་པོའི་རྒྱལ་པོ་བཅས་རེད། འོན་ཀྱང་དུས་རབས་ ༩ ནང་བོད་སིལ་བུར་ཐོར་བ་རེད། དེ་ནས་དཀའ་ངལ་འགོ་བཙུགས་ཏེ་རིམ་བཞིན་བོད་སྤྱི་ལ་དབང་བའི་རྒྱལ་པོ་མེད་པར་བོད་མི་རྣམས་སོ་སོའི་ས་ཁུལ་ཙམ་གྱི་བླ་དཔོན་དང་། ས་བདག་སོགས་ཀྱིས་དབང་འོག་ཏུ་གནས། སྐབས་དེར་རྒྱུ་བསགས་པར་བརྟེན་ད་ཆ་འབྲས་བུ་སྨིན་བཞིན་པ་འདིར་སུ་གཅིག་གིས་བཅོས་ཐབས་མེད། འོན་ཀྱང་རྒྱ་གར་འཕགས་ཡུལ་ནས་བསྒྱུར་བའི་བཀའ་འགྱུར་བསྟན་འགྱུར་པོ་ཏི་གསུམ་བརྒྱ་ཙམ་གཞི་རྩར་གྱུར་བའི་བོད་ཀྱི་སྐད་དང་ཡི་གེ་ཐུན་མིན་ཞིག་ཡོད་པ་དེ་བོད་ས་སྟོད་སྨད་ཡོངས་ལ་ཁྱབ་ཡོད་སྟབས། བོད་མི་རིགས་གོང་བུ་གཅིག་གྱུར་མུ་མཐུད་གནས་ཐུབ་ཡོད། ཆབ་སྲིད་ཀྱི་ཐོག་ནས་ང་ཚོས་ལོ་བརྒྱ་ཕྲག་རིང་འཐུས་ཤོར་ཧ་ཅང་བཏང་ཡོད། ཅེས་བཀའ་ལན་སྩལ།
དེ་ནས་ཚོགས་བཅར་བ་གཞན་ཞིག་གིས་དེང་སྤྱི་ཚོགས་ནང་བཟང་སྤྱོད་མ་འདང་བའི་དཀའ་ངལ་སྐོར་དྲི་བ་ཞུས་པར་༸གོང་ས་མཆོག་གིས། དེང་དུས་ཤེས་ཡོན་ལམ་ལུགས་འདིས་འདང་གི་མི་འདུག འགྲོ་བ་མི་རིགས་ཐེར་འབུམ་བདུན་ཡོད་པ་རྣམས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན། བདེ་བ་འདོད་པ་ལྟར་བདེ་བ་སྒྲུབ་རྒྱུའི་ཐོབ་ཐང་ཡང་ཚང་མར་གཅིག་མཚུངས་ཡོད།
འོན་ཀྱང་དཀའ་ངལ་དེ་དག་ད་ལྟའི་ཤེས་ཡོན་ལམ་ལུགས་ལ་ཐུག་ཡོད། ད་ལྟའི་ཤེས་ཡོན་ལམ་ལུགས་ནི་གཙོ་བོ་ཕྱི་དངོས་པོའི་མཐུན་རྐྱེན་ཁོ་ནར་དམིགས་ནས་འགྲོ་བཞིན་ཡོད། དེར་བརྟེན་འདི་འདྲའི་ཤེས་ཡོན་ལམ་ལུགས་འོག་འཚར་ལོངས་བྱུང་བའི་མི་རབས་དེའང་དངོས་པོ་འཛུགས་སྐྲུན་ཁོ་ནར་དོན་གཉེར་བྱེད་རྒྱུ་ཡིན་པ་ཆོས་ཉིད་རེད། དེར་བརྟེན་སྤྱི་ཚོགས་ཧྲིལ་པོ་དེའང་ཕྱི་དངོས་པོ་འཛུགས་སྐྲུན་ཁོ་ནར་བསམ་བློ་གཏོང་ནས་འགྲོ་མཁན་ཞིག་ཆགས་ཡོད།
བསམ་བློར་དཀའ་ངལ་འཕྲད་སྐབས་བྱེད་ཐབས་བྲལ་ནས་སྡོད་རྒྱུ་ཞིག་ཆགས་ཡོད། དེང་དུས་ཤེས་ཡོན་ལམ་ལུགས་ནང་བསམ་བློའི་འཕྲོད་བསྟེན་སྐོར་སློབ་གསོ་སྤྲོད་དགོས། ད་ལྟའི་ལམ་ལུགས་དེའི་ཐོག་འགྲོ་ཐུབ་པ་ཡིན་ན་མ་འོངས་པར་དུས་རབས་རྗེས་མའི་སྐབས་འགོ་ཁྲིད་ཁྲོད་བསམ་བློའི་སློབ་གསོའི་གོ་རྟོགས་ཡོད་མཁན་སླེབ་ཐུབ་རྒྱུ་རེད། བྱམས་པ་དང་བརྩེ་བ་ཟེར་རྒྱུ་དེ་ཆོས་ཁས་ལེན་མིན་ཁྱད་པར་གང་ཡང་མེད་པར་ཀུན་ལ་དགོས་མཁོ་ཧ་ཅང་ཆེ། ཞེས་བཀའ་ལན་སྩལ། །