ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡༦ རེས་གཟའ་སྤེན་པ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡༢ ནས་ ༡༤ བར་ཡུ་རོབ་ལི་ཐུ་ཝི་ཡའི་ Lithuania རྒྱལ་ས་ཝིལ་ནི་སི་ Vilnius ནང་མཛད་འཕྲིན་རྒྱ་ཆེ་བསྐྱངས་རྗེས་ཕྱི་ཚེས་ ༡༥ ཉིན་ལ་ཏི་ཝི་ཡའི་ Latvia རྒྱལ་ས་རི་གར་ Riga ༸ཞབས་སོར་བདེ་བར་འཁོད་འདུག
དེ་ཡང་མགོན་པོ་གང་ཉིད་མཆོག་རྒྱལ་ས་རི་གྷའི་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་སྐབས་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་དང་། ཐེངས་འདིའི་ཆོས་འབྲེལ་གོ་སྒྲིག་ཞུ་མཁན་ལ་ཏི་ཝི་ཡའི་བོད་སྐྱོབ་ཐེབས་རྩ་ཁང་ Save Tibet Latvia དང་། རུ་སུའི་རྒྱལ་ས་མོ་སི་ཁོར་རྟེན་གཞི་བྱས་པའི་བོད་སྐྱོབ་ཐེབས་རྩ་ཁང་ Save Tibet Foundation (Moscow) སོགས་ཀྱི་ཕེབས་བསུའི་སྣེ་ལན་གཟབ་རྒྱས་ཞུས་འདུག
དེ་ཡང་མཛད་འཆར་ལྟར་ན་ཕྱི་ཚེས་ ༡༦ དང་ ༡༧ བཅས་ཉིན་གཉིས་རིང་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པ་དང་། རྡོ་རྗེ་གཅོད་པའི་ཆོས་འབྲེལ་བསྩལ་རྒྱུ་དང་། དེ་བཞིན་ཕྱི་ཚེས་ ༡༨ ཉིན་གྱི་སྔ་དྲོ་སི་ཀོན་ཏོ་ཚོགས་ཁང་ཆེན་མོའི་ Skonto Hall ནང་སྤྱན་རས་གཟིགས་དང་འཇམ་དཔལ་དབྱངས་ཀྱི་རྗེས་གནང་སྩལ་རྒྱུ་ཡིན་འདུག
དེ་ཡང་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་༸གོང་ས་མཆོག་ཁུལ་དེར་ཆིབས་སྒྱུར་སྐོར་གསུང་དོན། ཐེངས་འདིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ཁུལ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་པར་བརྟེན་རུ་སུའི་མང་ཚོགས་སྤྱི་དང་། བྷལ་ཊིག་མངའ་ཁུལ་ Baltic States གྱི་དད་ལྡན་མང་ཚོགས་རྣམས་ལ་ཆོས་འབྲེལ་གྱི་གོ་སྐབས་ཐོབ་པར་བརྟེན་ང་ཚོའི་སེམས་ནང་དགའ་ཚོར་ཧ་ཅང་སྐྱེ་བཞིན་འདུག རུ་སུའི་དད་ལྡན་མང་ཚོགས་རྣམས་ལ་ཆོས་འབྲེལ་ཐེངས་བཞི་པ་ཆགས་ཡོད་པ་དང་། ལྷག་པར་ཆོས་འབྲེལ་ཙམ་མ་ཟད་སྤྱན་རས་གཟིགས་དང་འཇམ་དཔལ་དབྱངས་ཀྱི་རྗེས་གནང་བཀའ་དྲིན་ཆེ་གནང་མཛད་རྒྱུ་ཡིན་སྟབས་ཧ་ཅང་སྐལ་བ་བཟང་པོ་རེད། རྡོ་རྗེ་གཅོད་པར་མཚོན་ན་ཁལ་མུཀ་ Kalmykia དང་ཐུ་ཝ། Tuvans བྷུར་ཡ་ཏི་ Buryats བཅས་སུ་ནང་པའི་དད་ལྡན་མང་ཚོགས་རྣམས་ཀྱིས་ཧ་ཅང་རྩ་ཆེན་པོར་རྩི་བཞིན་ཡོད། དེར་བརྟེན་ཐེངས་འདིར་རྡོ་རྗེ་གཅོད་པའི་བཀའ་ཆོས་དེའང་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་མདུན་ནས་ཞུ་རྒྱུའི་གོ་སྐབས་བྱུང་བ་འདི་ནི་ཧ་ཅང་བསོད་ནམས་ཆེན་པོ་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད། ཅེས་གསུངས། །