༢༠༡༨ ཟླ་ ༦ ཚེས་ ༡༤ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལི་ཐུ་ཝི་ནི་ཡའི་ Lithuania རྒྱལ་ས་ཝིལ་ན་སི་ Vilnius ནང་རྟེན་གཞི་བྱས་པའི་ཝིལ་ན་སི་གཙུག་ལག་སློབ་གཉེར་ཁང་University of Vilnius དུ་སློབ་ཕྲུག་དང་མང་ཚོགས་ལ་དེང་དུས་ཤེས་ཡོན་ལམ་ལུགས་ནང་བཟང་སྤྱོད་སློབ་གསོ་དགོས་གལ་སྐོར་བཀའ་སློབ་སྩལ་ཡོད།

lrytas.tv channel ཞེས་པའི་བརྙན་འཕྲིན་གསར་འགྱུར་ཚན་པའི་གསར་འགོད་པའི་དྲི་བར་བཀའ་ལན་སྩོལ་བཞིན་པ།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཐོག་མར་བཞུགས་གནས་གསོལ་མགྲོན་ཁང་དུ་ lrytas.tv channel ཞེས་པའི་བརྙན་འཕྲིན་གསར་འགྱུར་ཚན་པའི་གསར་འགོད་པའི་དྲི་བར་བཀའ་ལན་སྩལ། དེ་ཡང་གསར་འགོད་པས་ “ལས་དོན་ཇི་འདྲ་ཞིག་ཐོག་ཐག་གཅོད་མཛད་པ་དེ་དག་ཡང་དག་པ་ཞིག་ཡིན་པའི་ངེས་པ་ཇི་ལྟར་རྙེད་ཐུབ་བཞིན་འདུག” ཅེས་པར་༸གོང་ས་མཆོག་གིས་ “མི་ཚེའི་གནས་སྟངས་མགོ་རྙོག་ཚ་པོ་རེད། ངོས་ཀྱིས་ཀླད་པ་བེད་སྤྱོད་བྱེད་བཞིན་ཡོད། མིའི་ཀླད་པར་ནུས་པ་ཧ་ཅང་ཡོད། འོན་ཀྱང་ཆགས་སྡང་གི་གཞན་དབང་དུ་མ་སོང་བ་དགོས། གནས་སྟངས་ཇི་འདྲ་ཞིག་ཡིན་ཡང་ངོ་གདོང་ཙམ་ལ་ཆ་མ་བཞག་པར་ཕྱོགས་མང་པོའི་ཐོག་ནས་ལྟ་དགོས་པ་དང་། དངོས་ཡོད་གནས་ཚུལ་དང་བསྟུན་ནས་འགྲོ་དགོས་པ་གལ་ཆེ། དེ་འདྲ་བྱས་པ་ཡིན་ན་ཐག་གཅོད་གང་འདྲ་ཞིག་བྱས་ཀྱང་ཚད་དང་ལྡན་པ་ཞིག་ཡོང་ཐུབ། གཙོ་བོ་མིའི་རྣམ་དཔྱོད་ཀྱི་ཤེས་རབ་བཀོལ་སྤྱོད་བྱེད་དགོས། སེམས་ནང་རིམ་བཞིན་གདེང་སྤོབས་བསླེབ་སྐབས་བསམ་བློའི་ནུས་ཤུགས་ཇེ་ཆེར་འགྲོ་ཐུབ། ” ཅེས་བཀའ་ལན་སྩལ་རྗེས་གསར་འགོད་པ་མི་གྲངས་ ༦༠ ཕེབས་པའི་གསར་འགོད་ལྷན་ཚོགས་ཐོག་ཆིབས་སྒྱུར་བསྐྱངས་ནས་གསར་འགོད་པ་ཚོར་འཚམས་འདྲི་དང་སྦྲགས་བཀའ་སློབ་སྩལ་དོན།

“ངོས་རང་འཛམ་གླིང་ནང་གི་འགྲོ་བ་མི་རིགས་ཐེར་འབུམ་བདུན་ཡོད་པའི་ཁོངས་ནས་མི་གཅིག་ཡིན་བསམ་པ་དྲན་བཞིན་འདུག ང་ཚོ་ཚང་མ་ལུས་སེམས་དང་སེམས་ཚོར་གང་གི་ཆ་ནས་འགྲོ་བ་མི་གཅིག་གྱུར་ཡིན་པ་མ་ཟད། ད་ཆ་ཚན་རིག་པས་བརྟག་དཔྱད་ཀྱི་ལམ་ནས་མིའི་ལྷན་སྐྱེས་རང་བཞིན་ནི་བྱམས་བརྩེ་ལྡན་པ་ཞིག་ཡིན་པ་ར་འཕྲོད་གསལ་པོ་ཐུབ་ཡོད། དེར་བརྟེན་བཟང་ཕྱོགས་ཀྱི་རེ་བ་རྒྱག་ས་ཞིག་ཡོད། ཉིན་རེའི་འཚོ་བའི་ཉམས་མྱོང་ཁྲོད་དུའང་དངོས་ཡོད་གནས་ཚུལ་དེ་ལྟར་ཡིན་པ་ང་ཚོས་གསལ་རྟོགས་ཐུབ་བཞིན་ཡོད། ཇི་ཙམ་གྱི་བྱམས་བརྩེའི་བསམ་བློ་ཡོད་པ་དེ་ཚོད་ཀྱིས་ལུས་སེམས་བདེ་ཞིང་སྐྱིད་པ་ཡོད། དུས་རྟག་ཏུ་རླུང་ལངས་པའམ་འཇིགས་སྣང་བྱས་ནས་བསྡད་པ་ཡིན་ན་ལུས་ཟུངས་ཞན་པོ་ཆགས་རྒྱུ་རེད། ང་ཚོ་ཚང་མ་བདེ་བ་འདོད་མཁན་དང་སྡུག་བསྔལ་མི་འདོད་མཁན་ཡིན་པ་གཅིག་མཚུངས་རེད།
འོན་ཀྱང་དེང་སྐབས་ང་ཚོར་འཕྲད་བཞིན་པའི་དཀའ་ངལ་མང་པོ་ཞིག་མིས་བཟོས་པའི་དཀའ་ངལ་རེད། དེར་བརྟེན་དཀའ་ངལ་དེ་དག་སེལ་རྒྱུའི་ཐབས་ལམ་ཐོག་ང་ཚོས་བསམ་བློ་དོ་ནན་ཐོག་ནས་གཏོང་དགོས། ང་ཚོ་ཆུང་བྱིས་པའི་སྐབས་སུ་བྱམས་བརྩེ་དང་མཛའ་བརྩེའི་འདུ་ཤེས་ཤུགས་ཆེ་ཡང་རིམ་བཞིན་ནར་སོན་སྐབས་ང་ཚོ་དང་ཁོ་པ་ཚོ། ཞེས་རང་དང་གཞན་དབར་དབྱེ་འབྱེད་ཀྱི་བསམ་བློ་ཤུགས་ཆེ་རུ་འགྲོ་བཞིན་ཡོད།
དེང་དུས་ཤེས་ཡོན་ལམ་ལུགས་ནང་གཙོ་ཆེར་ཕྱི་དངོས་པོའི་མཐུན་རྐྱེན་ཡར་རྒྱས་ཇི་ལྟར་གཏོང་དགོས་པའི་ཐོག་དམིགས་ཡུལ་བཟུང་ནས་འགྲོ་བ་མ་གཏོགས་ནང་གཤིས་རྒྱུད་དང་འབྲེལ་བའི་བཟང་པོའི་རིན་ཐང་ཐོག་བསམ་བློ་དེ་ཙམ་གཏོང་གི་མེད། ང་ཚོས་ལུས་པོ་བདེ་ཐང་ཆེད་ལུས་པོའི་འཕྲོད་བསྟེན་གལ་ཆེར་རྩི་བཞིན་པ་ལྟར་བསམ་བློ་བདེ་ཐང་ལ་དམིགས་ནས་སེམས་ཁམས་འཕྲོད་བསྟེན་ལའང་དོ་སྣང་ངེས་པར་བྱེད་དགོས། བསམ་བློ་བདེ་ཐང་གི་སློབ་གསོའི་སྐོར་དེང་དུས་ཤེས་ཡོན་ལམ་ལུགས་ནང་འཇོག་ཐུབ་ཐབས་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་འདུག” ཅེས་བཀའ་སློབ་སྩལ།
དེ་རྗེས་གསར་འགོད་པས་ཕོ་མོའི་ལས་འགན་ཐོག་གཟིགས་ཚུལ་ཇི་འདྲ་ཡིན་མིན་གྱི་དྲི་བར་བཀའ་ལན་སྩལ་དོན། “གདོད་མའི་སྤྱི་ཚོགས་ཀྱི་གནས་སྐབས་སུ་ལུས་སྟོབས་ཆེ་ཆུང་གཙོ་བོར་འཛིན་ནས་འགོ་ཁྲིད་སུས་བྱས་མིན་ཐག་གཅོད་བྱས་དགོས་སྟབས་སྐྱེས་པ་ཚོས་འགོ་ཁྲིད་བྱ་རྒྱུའི་འགྲོ་སྟངས་ཤིག་ཆགས་པ་རེད། འོན་ཀྱང་ད་ཆ་ཤེས་ཡོན་ཐོག་ནས་ཕོ་མོ་འདྲ་མཉམ་གི་གནས་སྟངས་ཤིག་ཆགས་ཟིན་སྟབས་འཛམ་གླིང་ཁྱོན་དུ་ཕོ་མོ་འདྲ་མཉམ་གྱི་གནས་སྟངས་དེར་གལ་ཆེར་རྩི་བཞིན་ཡོད། ཕོ་མོ་དབྱེ་འབྱེད་ལ་ང་ཚོས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས། ཚན་རིག་པས་བརྟག་དཔྱད་བྱེད་སྐབས་གཞན་གྱི་སྡུག་བསྔལ་ལ་མི་བཟོད་པའི་བསམ་བློ་དེ་སྐྱེས་པ་ལས་བུད་མེད་ཚོར་ཤུགས་ཆེ་བ་ཡོད་པ་བརྗོད་བཞིན་འདུག དེར་བརྟེན་བྱམས་བརྩེ་དང་མིའི་བཟང་སྤྱོད་ཀྱི་རིན་ཐང་གོང་འཕེལ་གཏོང་རྒྱུའི་འགན་དེའང་བུད་མེད་ཚོར་ཆེ་བ་ཡོད།” ཅེས་སོགས་བཀའ་ལན་སྩལ་བསྟུན་ཝིལ་ན་སི་གཙུག་ལག་སློབ་གཉེར་ཁང་ University of Vilnius དུ་ཆིབས་སྒྱུར་བསྐྱངས་ནས་མང་ཚོགས་ ༢༠༠༠ བརྒལ་བར་ “དེང་དུས་ཤེས་ཡོན་ལམ་ལུགས་ནང་འགྲོ་བ་མིའི་བཟང་སྤྱོད་རིན་ཐང་གི་སློབ་གསོ་དགོས་གལ།” ཞེས་པའི་ཐོག་བཀའ་སློབ་སྩལ།
དེ་ཡང་སྐབས་དེར་ཐོག་མར་བོད་ཁང་གི་འགན་འཛིན་སྐུ་ཞབས་ཝི་ཏི་སི་ཝི་དུ་ན་སི་ Prof. Vytis Vidunas ལགས་ཀྱིས་༸གོང་ས་ཏཱ་ལའི་བླ་མ་མཆོག་ངོ་སྤྲོད་ཞུས་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། “འཛམ་གླིང་ནང་མི་འབོར་ཐེར་འབུམ་བདུན་ཡོད་པ་ཚང་མས་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་རེད། ཆོས་ལུགས་གཙོ་ཆེ་ཚང་མས་བྱམས་པ་དང་བརྩེ་བ། བཟོད་བསྲན། ཆོག་ཤེས། ཚུལ་ཁྲིམས་སོགས་ཀྱི་བསླབ་བྱ་གསུང་བཞིན་ཡོད་པ་གཅིག་མཚུངས་ཡིན་ཡང་ང་ཚོས་རང་འདོད་ཆེ་དྲགས་པར་བརྟེན་རང་ཉིད་བདེ་ཞིང་སྐྱིད་པ་ཞིག་ཡོང་རྒྱུར་དམིགས་ནས་གཞན་རྣམས་ལ་འཛེམས་ཟོན་སྤངས་ནས་མགོ་སྐོར་བསླུ་བྲིད་དང་བཤུ་གཞོག་སོགས་གཏོང་བཞིན་ཡོད་པར་བརྟེན་རྙོག་གྲ་བཟོ་མཁན་ང་ཚོ་རང་ཉིད་ཆགས་ཡོད།
དུས་རབས་ ༢༠ པའི་ནང་དཀའ་ངལ་དང་རྙོག་གྲ་རྣམས་འཚེ་བ་དང་དྲག་པོའི་སྟོབས་ཤུགས་ཐོག་ནས་སེལ་ཐབས་བྱས་རྐྱེན་དུས་རབས་དེ་འཚེ་བའི་དུས་རབས་ཤིག་ཆགས་པ་རེད། དེང་སྐབས་འཛམ་གླིང་གི་གནས་སྟངས་འདི་ཕན་ཚུན་གཅིག་ལ་གཅིག་བརྟེན་ནས་འཚོ་སྡོད་བྱེད་དགོས་པའི་དངོས་ཡོད་གནས་སྟངས་ཤིག་ཆགས་ཟིན་སྟབས། དཀའ་ངལ་འཕྲད་སྐབས་ལམ་སང་དྲག་པོའི་སྟོབས་ཤུགས་དང་འཚེ་བའི་ཐོག་ནས་དཀའ་ངལ་དང་རྙོག་གྲ་སེལ་ཐབས་བྱེད་ཚེ་དངོས་ཡོད་གནས་སྟངས་དང་རྩ་བ་ནས་མ་འཚམས་པ་ཞིག་རེད།
དེར་བརྟེན་འཚེ་བ་དང་དྲག་པོའི་ཐབས་ལམ་ཟེར་བ་ད་ཆ་དུས་ཚོད་ཡོལ་ཟིན་པ་དང་། ད་ཆ་འགྲོ་བ་མི་རིགས་ཡོངས་རྫོགས་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་ནས་འཇིག་རྟེན་ཀུན་ཁྱབ་འགན་ཁུར་གྱི་འདུ་ཤེས་ཤུགས་ཆེ་རུ་གཏོང་དགོས། གལ་ཏེ་ང་ཚོས་དུས་རབས་ ༢༡ འདི་འཚེ་མེད་ཞི་བའི་དུས་རབས་ཤིག་བཟོ་དགོས་ན་གོ་མཚོན་ཉོ་ཚོང་ཇེ་ཉུང་དུ་གཏོང་ཐབས་དགོས་པ་མ་ཟད། རིམ་བཞིན་རྡུལ་ཕྲན་མཚོན་ཆ་དེ་དག་འཛམ་གླིང་ནང་རྩ་མེད་གཏོང་དགོས། འཕྲལ་སེལ་མེ་མདའི་སྟོབས་ཤུགས་ཆེ་བ་ལྟ་བུར་མངོན་ཡང་ཕུགས་ལ་བདེན་པའི་སྟོབས་ཤུགས་རྣམ་པར་རྒྱལ་ངེས་ཡིན་པ་ནི་རྒྱལ་ཁབ་ཆུང་ཆུང་འདིས་དཔེ་མཚོན་བྱེད་ཐུབ། ཅེས་བཀའ་སློབ་སྩལ་རྗེས་མགོན་པོ་གང་ཉིད་མཆོག་གིས་བྱམས་པ་དང་བརྩེ་བ་སོགས་གཞི་རྩའི་འགྲོ་བ་མི་ཀུན་ལ་ཁྱབ་པའི་བཟང་པོའི་རིན་ཐང་གོང་མཐོར་གཏོང་གནང་མཛད་རྒྱུ་དང་། ཆོས་ལུགས་མཐུན་སྒྲིལ་གོང་འཕེལ་གཏོང་གནང་མཛད་བཞིན་པའི་སྐོར་བཀའ་སློབ་སྩོལ་སྐབས་རྒྱ་གར་དཔེ་མཚོན་དུ་བཞག་ནས་ཡུལ་དེར་ལོ་ངོ་ ༣༠༠༠ ལྷག་རིང་ཆོས་ལུགས་འདྲ་མིན་ཕན་ཚུན་འཆམ་མཐུན་ངང་འཚོ་གནས་བྱས་དང་བྱེད་མུས་ཡིན་པ་དང་། ད་ཆ་རྒྱ་གར་མི་འབོར་ལ་མཚོན་ན་ཐེར་འབུམ་བརྒལ་བཞིན་ཡོད་སྟབས། རྙོག་གྲ་ཕྲན་བུ་སྐབས་རེ་ཡོང་རྒྱུ་ཡིན་པ་ཆོས་ཉིད་ཡིན་ཡང་གཞི་རྐང་ཆོས་ལུགས་ཕན་ཚུན་འཆམ་མཐུན་ངང་མཉམ་གནས་བྱེད་བཞིན་ཡོད་པ་དེར་༸གོང་ས་མཆོག་གིས་ཡི་རངས་བསྔགས་བརྗོད་མཛད་བཞིན་ཡོད་སྐོར་དང་། འཛམ་གླིང་གིས་རྒྱ་གར་མིག་དཔེར་བཟུང་ནས་ཆོས་ལུགས་མཐུན་སྒྲིལ་ཡོང་ཐབས་ཆེད་འབད་བརྩོན་གནང་དགོས་སྐོར་བཀའ་སློབ་སྩལ།
དེ་རྗེས་མགོན་པོ་གང་ཉིད་མཆོག་བོད་མི་ཞིག་ཡིན་པའི་ངོས་ནས་ཆབ་སྲིད་ཀྱི་༸སྐུ་དབང་ཡོངས་རྫོགས་ད་ཆ་རྩིས་སྤྲོད་ཟིན་ཡང་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག ཁོར་ཡུག་དང་བཅས་པར་མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད་ཡོང་ཐབས་མཛད་བཞིན་ཡོད་སྐོར་བཀའ་སློབ་སྩལ་བ་མ་ཟད། ལྷག་པར་འཇིག་སླ་བའི་མཐོ་སྒང་བོད་ཀྱི་ཁོར་ཡུག་གི་གནས་སྟངས་ཐོག་ཐུགས་འཚབ་ཧ་ཅང་ཡོད་སྐོར་བཀའ་སློབ་སྩལ་དོན། དེང་སྐབས་བོད་ཀྱི་འཁྱགས་རོམ་དེ་དག་ཞུ་ཚད་ཧ་ཅང་མྱུར་པོ་ཆགས་པ་དེ་གནས་སྟངས་ཛ་དྲག་ཅིག་ཆགས་འདུག ང་ཚོས་བོད་ཀྱི་གཙང་ཆུ་དེ་དག་སྲུང་སྐྱོབ་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། ཕྱོགས་མཚུངས་བོད་ཀྱི་སྐད་ཡིག་ལ་མཚོན་ནའང་དེང་སྐབས་རྒྱ་ནག་གཞུང་གི་འགོ་ཁྲིད་མཁྲེགས་བཟུང་ཅན་དང་བསམ་བློ་གུ་དོག་པོ་ཡོད་པ་རྣམས་ཀྱིས་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་བྱ་རྒྱུར་དམ་བསྒྲགས་བྱེད་བཞིན་པའི་བྱེད་སྟངས་དེ་དག་ཅོལ་ཆུང་གི་བྱེད་སྟངས་ཤིག་རེད།
ཆབ་སྲིད་ཀྱི་དགོས་མཁོ་ལ་བརྟེན་ནས་མིག་རྒྱང་ཐུང་ཐུང་གི་བྱེད་བབ་ཅིག་ཡིན། བོད་ཀྱི་དཀའ་ངལ་ལ་མཚོན་ན་རྒྱ་ནག་གཞུང་གིས་ཇི་ཙམ་བོད་མིའི་ཐོག་དྲག་གནོན་བྱས་པ་དེ་ཚོད་ཀྱིས་བོད་མི་ཚོས་ངོ་རྒོལ་བྱ་རྒྱུ་ཡིན་པ་ཆོས་ཉིད་རེད། ང་ཚོས་ད་ཆ་དབུ་མའི་ལམ་གྱི་སྲིད་བྱུས་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཐོབ་ཐབས་བྱེད་བཞིན་པ་མ་གཏོགས་རང་བཙན་རྩོད་ཀྱི་མེད། ཅེས་སོགས་ཀྱི་བཀའ་སློབ།
དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་སྐྱེད་དམ་བཅའ་བཞི་པ་རྒྱ་གར་གནའ་རབས་དཔལ་ནཱ་ལེནྡཱ་ནས་དར་བའི་ལེགས་བཤད་རྒྱ་གར་ནང་བར་ལམ་དུས་འགྱུར་དབང་གིས་ཉམས་ཆགས་ཕྱིན་ཡོད་ཀྱང་བོད་ཀྱི་ཆོས་རྒྱལ་བཀའ་དྲིན་ཅན་ཚོའི་དྲིན་ལ་བརྟེན་ནས་ལེགས་བཤད་དེ་དག་དུས་རབས་བདུན་པ་བརྒྱད་པ་ནས་ད་བར་གྲ་མ་ཆག་གྲུ་མ་ཉམས་པར་བོད་སྐད་དང་བོད་ཡིག་ནང་ཡོད། དེར་བརྟེན་ལེགས་བཤད་དེ་དག་རྒྱ་གར་རང་གི་ནང་དུ་བསྐྱར་གསོ་ཡོང་ཐབས་མཛད་བཞིན་ཡོད་སྐོར་དང་། བློའི་རྣམ་གཞག་དང་བྱེད་ལས་སོགས་སེམས་ཁམས་རིག་པའི་འགྲོ་སྟངས་དེ་དག་དེང་དུས་འཛམ་གླིང་ནང་འབྲེལ་བ་ཧ་ཅང་ཡོད་སྟབས་ལེགས་བཤད་དེ་དག་བསྐྱར་གསོ་བྱས་ནས་བསམ་བློའི་འགོ་ཁྲིད་བྱ་རྒྱུའི་འགན་རྒྱ་གར་ལ་ཡོད་སྐོར་བཀའ་སློབ་སྩལ་བསྟུན་མང་ཚོགས་རྣམས་ཀྱི་དྲི་བར་བཀའ་ལན་སྩལ།
དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉེ་འགྲམ་དུ་བོད་ཀྱི་ས་ཚིགས་ Tibet Square ཞེས་པའི་ས་གནས་སུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ནས་ཡུལ་དེ་ཉིད་རང་བཙན་ཐོབ་ནས་མི་ལོ་བརྒྱ་ཧྲིལ་པོ་འཁོར་བའི་ཉིན་མོ་དང་བསྟུན། བོད་དང་ལི་ཐུ་ཝི་ཡ་ན་ཡུལ་གཉིས་དབར་མཛའ་བརྩེའི་འབྲེལ་ལམ་མཚོན་ཆེད་ཤིང་སྣ་འདེབས་འཛུགས་མཛད།
དེ་ནས་༸གོང་ས་མཆོག་གིས་ཉེ་འགྲམ་བོད་དོན་པར་རིས་འགྲེམས་སྟོན་ལ་ཐུགས་ཞིབ་མཛད་རྗེས་གྲོང་སྡེའི་སྤྱི་ཁྱབ་པ་ Mayor of Vilnius སྐུ་ཞབས་ཨར་ཏུ་ར་སི་ཛུ་ཀ་སི་ Mr. Arturas Zuokas མཆོག་དང་ཉིན་གུང་ལྗགས་སྨིན་ལྷན་བཞེས་མཛད་རྗེས་བཞུགས་གནས་གསོལ་མགྲོན་ཁང་དུ་ཆིབས་སྒྱུར་བསྐྱངས་ཡོད། སང་ཉིན་༸གོང་ས་མཆོག་གིས་སི་མེན་ཚོགས་ཁང་ཆེན་མོར་ Siemens Arena མང་ཚོགས་ལ་བཀའ་སློབ་སྩལ་རྒྱུ་ཡིན་འདུག་པ་བཅས། །