༢༠༡༨ ཟླ་ ༦ ཚེས་ ༡༣ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡༢ ཉིན་ཁེ་ན་ཌའི་གྲོང་ཁྱེར་ཨོ་ཊ་ཝའི་ Parliament Hill ཞེས་པའི་ཚོགས་ཁང་ནང་བོད་མི་རྣམས་ཀྱིས་ཁེ་ན་ཌ་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཞིག་འཚོགས་སྐབས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བརྙན་འཕྲིན་བརྒྱུད་ཁེ་ན་ཌའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་གསུང་འཕྲིན་སྩལ་དོན། བརྩེ་བའི་ཁེ་ན་ཌའི་སྤུན་མཆེད་ཕོ་མོ་རྣམས་ཀྱིས་གཙོས་དབུ་ཁྲིད་རྣམ་པར་ཐོག་མར་འཚམས་འདྲི་དང་སྦྲགས་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། ཁེ་ན་ཌ་ནི་བོད་དོན་ཐོག་ལོ་ངོ་བཅུ་ཕྲག་མང་པོའི་རིང་ནས་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན་པ་མ་ཟད། བོད་མི་སྐྱབས་བཅོལ་བ་འཕོན་ཆེ་ཞིག་གཞིས་སྤོ་སླད་ངོས་ལེན་གནང་ཡོད། ངོས་སྒེར་ལ་མཚོན་ནའང་ཡུལ་འདིས་ཆེ་བསྟོད་མི་སེར་གྱི་ཕྱག་འཁྱེར་གནང་ཡོད། དེར་བརྟེན་ངོས་ཀྱིས་སྙིང་ཐག་པ་ནས་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་ཡིན།
ཕྱོགས་མཚུངས་སྐྱབས་བཅོལ་བའི་གནས་སྟངས་འོག་དཀའ་ངལ་འཕྲད་བཞིན་པའི་མི་མང་པོ་ཞིག་ལ་ཁེ་ན་ཌའི་གཞུང་གིས་དགའ་པོའི་ཐོག་ནས་སྐྱབས་བཅོལ་བར་ངོས་ལེན་གནང་ཐོག་མཐུན་འགྱུར་རོགས་རམ་གནང་མུས་ཡིན་པར་རྗེས་སུ་ཡི་རངས་ཞུ་བཞིན་ཡོད། ངོ་མཚར་ལྡན་པ་རེད། འཛམ་གླིང་འདིའི་སྟེང་འཚོ་བཞིན་པའི་མི་འབོར་ཐེར་འབུམ་བདུན་ཡོད་པ་རྣམས་འགྲོ་བ་མི་རིགས་གཅིག་གྱུར་རེད། ཅེས་ངོས་ཀྱིས་དུས་རྟག་ཏུ་ནན་བརྗོད་བྱེད་བཞིན་ཡོད། ལྷག་པར་ང་ཚོ་སྤྱི་ཚོགས་ལ་བརྟེན་དགོས་པའི་སེམས་ཅན་ཞིག་ཡིན་སྟབས། གཅིག་ལ་དཀའ་ངལ་འཕྲད་སྐབས་གཞན་གྱིས་རོགས་པ་བྱེད་པའི་བཟང་སྤྱོད་ཀྱི་འགན་ཡོད། རྒྱལ་ཁབ་དང་ཆོས་ལུགས་ཀྱི་དབྱེ་བ་མེད་པར་སུ་ལ་དཀའ་ངལ་འཕྲད་ཀྱང་རོགས་རམ་བྱེད་དགོས་པ་མ་གཏོགས་དེར་སྣང་མེད་བཏང་བ་ཡིན་ན་བཟང་སྤྱོད་དང་འགལ་བ་རེད།
ངོས་ཀྱིས་བསམ་པར་འཛམ་གླིང་ནང་གི་ཆོས་ལུགས་གཙོ་ཆེ་བ་ཕལ་མོ་ཆེ་དང་། ལྷག་པར་རྒྱ་གར་ཧིན་དུའི་ཆོས་ལུགས་ནང་གི་འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱི་ཆོས་ལུགས་དེ་དག་གིས་བྱམས་སྙིང་རྗེ་དང་ལས་བཟང་པོ་ནི་བདེ་སྐྱིད་ཀྱི་རྩ་བ་ཡིན་པར་ཁས་ལེན་བཞིན་ཡོད། འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་ལུགས་ལ་མཚོན་ནའང་ང་ཚོ་ཚང་མ་དཀོན་མཆོག་གཅིག་གིས་བཟོས་པར་འདོད། དཔེར་ན་ཕ་གཅིག་གི་བུ་ལྟ་བུ་རེད། འཛམ་གླིང་མི་འབོར་ཐེར་འབུམ་བདུན་ཡོད་པ་རྣམས་དོན་དངོས་སྤུན་མཆེད་ཕོ་མོ་ལྟ་བུ་རེད། ཚང་མ་འཇིག་རྟེན་བཀོད་པ་པོ་གཅིག་གིས་བཀོད་པ་ཡིན་སྟབས་ཕ་གཅིག་ཡིན། དེར་བརྟེན་འཛམ་གླིང་ནང་གི་ཆོས་ལུགས་གཙོ་ཆེ་བ་ཚང་མས་བྱམས་པ་དང་བརྩེ་བ། བཟོད་བསྲན། ཆོག་ཤེས་སོགས་བཟང་པོའི་བསླབ་བྱ་གསུང་བཞིན་ཡོད། ཁ་ནས་སྟོང་བཤད་ཙམ་མིན་པར་དངོས་སུ་དཀའ་ངལ་འཕྲད་བཞིན་པ་རྣམས་ལ་རོགས་པ་བྱས་ནས་དཀོན་མཆོག་གི་བཀའ་བརྩི་དང་ལེན་ཞུ་དགོས། ཞེས་ཞུ་འདོད་བྱུང་།
ཁེ་ན་ཌའི་གཞུང་མང་གཉིས་ལ་སླར་ཡང་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། ང་ཚོ་ནི་རྒྱལ་ཁབ་མེད་མཁན་གྱི་སྐྱབས་བཅོལ་བ་ཞིག་ཡིན། ང་ཚོ་གཞན་གྱི་བྱམས་བརྩེའི་འོག་ནས་འཚོ་གནས་ཐུབ་བྱུང་། བོད་མི་བཙན་བྱོལ་བ་རྣམས་ལ་མཚོན་ན་མི་ལོ་ ༦༠ ཙམ་རིང་ལམ་ལྷོངས་ཚགས་ཚུད་ངང་འཚོ་གནས་བྱེད་ཐུབ་རྒྱུར་ཁེ་ན་ཌའི་གཞུང་མང་གཉིས་ནས་རྒྱབ་སྐྱོར་ཤུགས་ཆེ་གནང་བྱུང་། ཐུགས་རྗེ་ཆེ། །