༢༠༡༨ ཟླ་ ༦ ཚེས་ ༨ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༦ ནས་ ༨ བར་ཉིན་གྲངས་གསུམ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་རིགས་ན་གཞོན་གཙོ་བོར་གྱུར་བའི་སེར་སྐྱ་མི་མང་དང་། དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་ ༦༤ ཙམ་ནས་བཅར་བའི་ཆོས་ཞུ་བ་བཅས་ཁྱོན་མི་གྲངས་ ༡༠༠༠༠ ལྷག་ལ་ནང་ཆོས་ངོ་སྤྲོད་དང་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བཀའ་ཁྲིད་ཉིན་མཐའ་མའི་སྐབས་འཇམ་དབྱངས་དཀར་པོའི་རྗེས་གནང་བཀའ་དྲིན་སྩལ་ཡོད།
དེ་ཡང་ཕྱི་ཚེས་ ༨ ཉིན་ཏེ་ཆོས་འབྲེལ་ཉིན་མཐའ་མའི་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་མགོན་པོ་གང་ཉིད་མཆོག་༸རྒྱལ་བའི་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་སྒྱུར་སྐབས་རྡ་ས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་གི་འབྲེལ་ཡོད་མི་སྣས་སྤོས་སྣེས་སྔུན་བསུས་ཏེ་བཞུགས་ཁྲིར་༸ཞབས་སོར་འཁོད་དེ་སྒྲུབ་བཞག་མཛད་རིང་། མང་ཚོགས་ནས་ཐོག་མར་རྒྱུན་ཆགས་གསུམ་པ་དང་། པཎ་གྲུབ་བཅུ་བདུན་གསོལ་འདེབས། ཐུབ་བསྟན་རིས་མེད་རྒྱས་པའི་སྨོན་ལམ་བཅས་གསུང་འདོན་གནང་།
དེ་ནས་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན། སྤྱོད་འཇུག་ནང་གསུང་ཡོད་པ་རེད། སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང༌། །སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག ། བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་འཇོམས། །ཞེས་པ་འདིས་སེམས་ཅན་ཐམས་ཅད་འབུ་སྲིན་མི་མ་ཡིན་ལ་སོགས་པ་དེ་དག་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་མཁན་ཤ་སྟག་རེད། དེའི་ནང་ནས་འགྲོ་བ་མིར་ཆ་བཞག་ན་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ང་ཚོ་ཚང་མ་གཅིག་གྱུར་ཆགས་ཡོད། སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་། །སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག ཅེས་པ་འདི་སྡུག་བསྔལ་མི་འདོད་པ་ཚང་མར་ཡོད་ནའང་སྔོན་ལ་ལུས་ཚོར་གྱི་བདེ་སྡུག་རིམ་པ་གཅིག་དང་། དེ་ནས་སེམས་ཚོར་གྱི་བདེ་སྡུག་རིམ་པ་གཉིས་པ། ལུས་ཀྱི་བདེ་སྡུག་གལ་ཆེན་པོ་རེད།
འོན་ཀྱང་གཙོ་བོ་སེམས་ཀྱི་བདེ་སྡུག་ཧ་ཅང་ཚོར་བ་རྣོ་བ་འདུག སྔོན་མ་ངོས་རང་རྡོ་རྗེ་གདན་དུ་གནས་སྐོར་ཕྱིན་ནས་ཧ་ཅང་མ་བདེ་བ་བྱུང་། ལྟོ་ཆས་བཟས་ཡག་ངན་གྱིས་གྲོད་པ་ཧ་ཅང་ན་ཚ་བཏང་བྱུང་བར་བརྟེན་པཊ་ན་ Patna བརྒྱུད་རྒྱལ་ས་མུམ་བྷེ་ Mumbai སྨན་བཅོས་སླད་འགྲོ་དགོས་བྱུང་། པཊ་ནར་འགྲོ་སྐབས་ལམ་དུ་བྱིས་པ་ཧ་ཅང་ཉམས་ཐག་དེ་འདྲ་མང་པོ་མཐོང་རྒྱུ་འདུག སྙིང་རྗེ། སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་གང་ན་ཡོད། གནས་སྐབས་ལྟོ་གོས་ཀྱི་དོན་དུ་ཡིན་ནའང་དཀའ་ངལ་ཡོད་པ་ཧ་ཅང་མང་པོ་མཐོང་བྱུང་། དེ་ནས་པཊ་ན་གྲོང་ཁྱེར་གྱི་སྣེ་འཛིན་ནས་འགྲོ་སྐབས་སྤོ་ལགས་གཅིག་འདུག ཁོང་གི་མགོ་བོའི་སྐྲ་དཀར་པོ་གྱེན་དུ་ཟིངས་ནས་ཉལ་ཁྲིའི་སྟེང་ཉལ་འདུག ལྟ་སྐྱོང་བྱེད་མཁན་སུ་གཅིག་ཀྱང་མི་འདུག
ཕྱོགས་གཅིག་ནས་ལོ་ན་མཐོ་ཞིང་། གཉིས་ནས་ནད་མནར་ཡིན་པ་ཧ་ཅང་གསལ་པོ་རེད་འདུག གནས་སྟངས་དེ་འདྲ་ཞིག་མཐོང་སྐབས་ངོས་རང་སེམས་པ་ཧ་ཅང་སྐྱོ་བྱུང་། དེ་ནས་མགྲོན་ཁང་དུ་འབྱོར་རྗེས་མགོན་མེད་སྐྱབས་མེད་དུ་ལུས་པའི་བྱིས་པ་དང་། སྤོ་ལགས་ནད་པ་དེ་དག་ཡིད་ལ་བློར་འཁོར་ནས་ཁོང་ཚོར་ལྟོས་ཏེ་ངོས་ལ་མཚོན་ན་མཐུན་རྐྱེན་ཧ་ཅང་འཛོམས་པོ་རེད་འདུག་བསམས་པ་ཡིད་ལ་དྲན་སྐབས་ངོས་ཀྱི་གྲོད་པ་ན་བའི་ན་ཟུག་དེའང་མེད་པ་ལྟ་བུར་གྱུར་འདུག
གང་ལྟར་སེམས་ཀྱི་བསམ་བློ་གཏོང་སྟངས་ཀྱིས་ལུས་ཀྱི་ན་ཚ་ཟིལ་གྱི་གནོན་ནས་དཀའ་ངལ་མེད་པ་ལྟ་བུ་ཞིག་ཡོང་ཐུབ་པ་ཧ་ཅང་གསལ་པོ་རེད། དེར་བརྟེན་ལུས་ཀྱི་བདེ་སྡུག་དང་སེམས་ཀྱི་བདེ་སྡུག་གི་ཚོར་བ་གཉིས་པོ་བྱས་ན་སེམས་ཀྱི་བདེ་སྡུག་འདི་གལ་ཆེ་བ་ཆགས་ཡོད།
དེང་སྐབས་འཛམ་གླིང་འདིའི་སྟེང་ལུས་ཀྱི་བདེ་སྡུག་སྨན་བཅོས་འཕྲོད་བསྟེན་དེ་ཚོའི་གྲས་ཧ་ཅང་ཡག་པོ་ཡོད། འོན་ཀྱང་སེམས་ཀྱི་བདེ་སྡུག་འདི་སྨན་ཟ་ནས་དྲག་རྒྱུ་མེད། དཔེར་ན་ལུང་པ་མང་པོའི་ནང་མྱོས་རྫས་ཟ་མཁན་མང་པོ་འབྱུང་བཞིན་པ་འདི་སེམས་མ་སྐྱིད་པ་ཆགས། སེམས་མ་སྐྱིད་པ་དེ་བསམ་བློ་ཁོ་རང་གི་ཐོག་ནས་སྡུག་བསྔལ་ཉུང་དུ་གཏོང་རྒྱུ་དང་བདེ་བ་སྒྲུབ་རྒྱུ་མ་ཤེས་པའི་སྐབས་མྱོས་རྫས་ Drugs དང་ཨ་རག་འཐུང་ནས་འགྲོ་བཞིན་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་སྤྱོད་འཇུག་ཆེན་མོའི་བཀའ་ཆོས་འཕྲོ་སྐྱོང་དང་འཇམ་དབྱངས་དཀར་པོའི་རྗེས་གནང་བཀའ་དྲིན་སྩལ་ཡོད་པ་བཅས།