༢༠༡༨ ཟླ་ ༦ ཚེས་ ༦ རེས་གཟའ་ལྷག་པ།
༄༅། །རྡ་ས་ནང་ཆོས་གོ་སྒྲིག་ཚོགས་ཆུང་གིས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ་ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༦ ཉིན་གྱི་སྔ་དྲོ་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཉིན་གྲངས་གསུམ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རིགས་གཞོན་སྐྱེས་རྣམས་གཙོ་བོར་གྱུར་བའི་སེར་སྐྱ་མི་མང་དང་། ཉེ་འཁོར་བོད་པའི་སློབ་གྲྭ་ཁག་གི་འགན་འཛིན་དང་སློབ་སྤྱི། དགེ་ལས་སློབ་ཕྲུག རྒྱ་གར་ནང་མཐོ་སློབ་ཏུ་འགྲིམ་བཞིན་པའི་བོད་པའི་སློབ་ཕྲུག དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་ ༦༤ ནས་ཕེབས་པའི་ཆོས་ཞུ་བ་བཅས་ཁྱོན་མི་གྲངས་ ༩༠༠༠ ལྷག་ལ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བཀའ་ཆོས་དབུ་འཛུགས་མཛད། བཀའ་ཆོས་སྤྱི་ཚོགས་དྲ་ལམ་བརྒྱུད་ཐད་གཏོང་ཞུས་པ་མ་ཟད། རྒྱ་སྐད་དང་ཧིན་སྐད། ཨིན་སྐད། ཉི་ཧོང་སྐད། ཀོ་རི་ཡ། ཝི་ཏི་ནམ་བཅས་རྒྱལ་ཁབ་བདུན་གྱི་སྐད་ཐོག་གསུང་སྒྱུར་ཞུས་འདུག
དེ་ཉིན་ཐོག་མར་མགོན་པོ་གང་ཉིད་མཆོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་གྱིས་མི་འཇིགས་གདོང་ལྔས་སྟེགས་པའི་ཁྲི་འཕང་ཐོན་པོར་༸ཞབས་སོར་འཁོད་མཚམས་བཀའ་སློབ་སྩལ་དོན།
འདས་པའི་ལོ་ཁ་ཤས་རིང་ནས་སློབ་ཕྲུག་ཚོ་གཙོ་བོར་དམིགས་ནས་སློབ་གྲྭ་གཞན་ཁག་ནང་བསྐྱོད་བཞིན་པའི་སློབ་ཕྲུག་རྣམས་ཀྱི་གུང་གསེང་དང་སྟབས་བསྟུན་འདིར་ཡོང་གི་ཡོད། ཆེད་དུ་བྱ་བའི་གདུལ་བྱ་གཙོ་བོ་ནི་བོད་རིགས་སློབ་ཕྲུག་ཕོ་མོ་ཚོ་ཁྱེད་རང་ཆགས་ཡོད། དེ་དང་ཆབས་ཅིག་དེ་རིང་འདིར་ཐའི་ལེནྜི་ Thailand ནས་དགེ་འདུན་པ་གང་ཙམ་ཕེབས་འདུག ང་ཚོ་ལོ་རྒྱུས་ཐོག་ནས་སངས་རྒྱས་བཅོམ་ལྡན་འདས་མངོན་པར་རྫོགས་པ་སངས་རྒྱས་ནས་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་ཡུལ་ཝཱ་རཱ་ཎ་སིར་གསུང་ནས་པཱ་ལིའི་ཆོས་བརྒྱུད་དང་ལེགས་སྦྱར་གྱི་ཆོས་བརྒྱུད་བཅས་ཚང་མའི་རྨང་གཞི་ལྟ་བུ་ནི། བདེན་བཞི་མི་རྟག་སོགས་བཅུ་དྲུག་གྱི་ལམ་འདིའི་ཐོག་ནས་ཡོང་བཞིན་ཡོད། དེ་ནས་ཆོས་འཁོར་གཉིས་པ་ཤེར་ཕྱིན་གྱི་མདོ་དེ་དག་བྱ་རྒོད་ཕུང་པོ་རིར་གསུང་པ་འདི་ལེགས་སྦྱར་གཞུང་ནང་ཡོད། དེར་བརྟེན་ལོ་རྒྱུས་ཐོག་ནས་འཕགས་པ་གནས་བརྟན་སྡེ་པ་པཱ་ལིའི་ཆོས་བརྒྱུད་འཛིན་མཁན་རྣམ་པ་ཚོ་བཅོམ་ལྡན་འདས་ཀྱི་དགེ་ཕྲུག་བསླབ་པ་རྒན་པ་ཆགས་ཡོད་སྟབས། ཁྱེད་རང་ཚོ་ཚང་མར་གུས་འདུད་ཞུ་གི་ཡོད།
འདུལ་བའི་ཉམས་ལེན་སྡེ་པ་ཐ་དད་ཡིན་སྟབས་སོ་སོ་ཐར་པའི་མདོ་འདི་ཁོ་རང་ཚོ་པཱ་ལིའི་སྐད་ཐོག་སོ་སོ་ཐར་པའི་༼པྲ་ཏི་མོཀ་ཤཱ་སཱུཏྲ།༽མདོ་འདི་པཱ་ལིའི་སྐད་ཐོག་གསུང་གི་ཡོད་པ་རེད། བོད་གངས་ཅན་གྱི་ལྗོངས་ལ་པྲ་ཏི་མོཀ་ཤཱའི་རྩ་བ་ Prati Moksha Sutra འདི་ལེགས་སྦྱར་སྐད་ནང་ཡོད་པ་དང་འགྲེལ་བ་གཙོ་བོ་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པ་དེ་དག་ལེགས་སྦྱར་གྱི་གཞུང་ནང་ཡོད་པ་རེད། སྡེ་པ་ཐ་དད་བྱས་ནས་ལྟུང་བའི་གྲངས་མང་ཉུང་ལ་ཕྲན་བུ་ཁྱད་པར་ཡོད་པ་རེད། གང་ལྟར་གཙོ་ཆེ་ཤོས་ཕམ་པ་བཞི། ལྷག་མ་བཅུ་གསུམ། སྤང་ལྟུང་སུམ་ཅུ། འབའ་ཞིག་པ་དགུ་ཅུ། ༼པཱ་ལིའི་གཞུང་ནང་འབའ་ཞི་པ་དགུ་ཅུ་གོ་གཉིས་གསུང་ཡོད། ༽ སོར་བཤགས་བཞི།
ལེགས་སྦྱར་གཞུང་ནང་ཉེས་བྱས་བརྒྱ་དང་བཅུ་གཉིས་བཤད་ཀྱི་ཡོད། པཱ་ལིའི་གཞུང་ནང་ཕལ་ཆེར་བདུན་ཅུ་དོན་ལྔ་ཙམ་ཡིན་པ་ཡོད། འདི་དག་ཞེ་ས་མ་ཞུས་ན་ཆུང་ཙག་གི་ཞིབ་པོ་ཡོད་མེད་ཀྱི་ཁྱད་པར་རེད་འདུག དཔེར་ན། པ་ལིའི་གཞུང་ནང་ལ་ཤམ་ཐབས་ཟླུམ་པོར་བགོ་པར་བྱའོ་ཞེས་ཕལ་ཆེར་ཚིག་གཅིག་རེད། ཉེས་བྱས་བགྲངས་ཡོང་དུས་ཤམ་ཐབས་ལ་བསྟན་པ་གཅིག ལེགས་སྦྱར་གཞུང་ལ། ཤམ་ཐབས་ལ་བསྟན་རྣམ་བདུན་དང་།། སྟོད་གཡོག་ལ་ཡང་རྣམ་གསུམ་དང་།། ཞེས་གསུངས་ནས་ཤམ་ཐབས་ལ་བདུན་དང་། བདུན་དེ་ཤམ་ཐབས་ཧ་ཅང་རྩེངས་པ་མ་ཡིན་པ་དང་། ཧ་ཅང་འཇོང་བ་མ་ཡིན་པ་དང་། ཏ་ལའི་ལོ་མ་ལྟར་མ་ཡིན་པ་དང་། སྦྲུལ་མགོའི་གདེངས་ཀ་ལྟར་མ་ཡིན་པ། འབྲུའི་ཕུར་མ་ལྟར་མ་ཡིན་པ་ཞེས་སོགས་རྣམ་པ་བདུན་བཤད་ཀྱི་འདུག དེ་ཚོ་ཆུང་ཙག་རེད། གཙོ་ཆེ་བ་ཕམ་པ་དང་ལྷག་མ་སོགས་གཅིག་པ་ཆགས་ཀྱི་ཡོད། གང་ལྟར་འདུལ་བའི་ཉམས་ལེན་འདི་སངས་རྒྱས་པའི་ཡུལ་གྲུ་ཚང་མའི་ནང་ཁྱབ་པ་ཞིག་ཆགས་ཡོད། ཧ་ཅང་གལ་ཆེན་པོ་རེད་འདུག ཤེར་ཕྱིན་གྱི་གཞུང་དེ་དག་ཡོངས་གྲགས་སུ་ཐེག་ཆེན་ཞེས་བཤད་བཞིན་པའི་ཡུལ་གྲུ་ཁག་དེ་དག་ལ་ཤེར་ཕྱིན་གྱི་གཞུང་དེ་དག་གསུང་གི་ཡོད་པ་རེད། འདུལ་བའི་གཞུང་དེ་དག་དངོས་གནས་བྱས་ན་ཚང་མར་ཁྱབ་པ་ཞིག་རེད་འདུག དེ་རིང་ཁྱེད་རང་ཚོ་དོན་གཉེར་ཆེན་པོ་བྱས་ནས་འདིར་ཕེབས་པར་དམིགས་བསལ་དགའ་བསུ་ཡོད། ཐུགས་རྗེ་ཆེ་ཞེས་ཞུ་གི་ཡིན། ངོས་ཀྱི་གོང་དུ་ཞུས་པ་ནང་བཞིན་ཆོས་གྲོགས་རྒན་པ་ཆགས་ཡོད། དགའ་བསུ་ཞུ་རྒྱུ་ཡིན། པཱ་ལིའི་ཆོས་བརྒྱུད་དང་ལེགས་སྦྱར་ཆོས་བརྒྱུད་བར་སྐབས་ནས་འབྲེལ་བ་ཉུང་ཉུང་རེད། འབྲེལ་བ་འདང་གི་མི་འདུག པཱ་ལིའི་ཆོས་བརྒྱུད་འཛིན་པ་གནང་མཁན་ཚོ་དང་ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་པ་གནང་མཁན་ཚོའི་དབར་འབྲེལ་བ་ཤུགས་ཆེ་རུ་འགྲོ་དགོས་རྒྱུ་ཞིག་རེད་འདུག ང་ཚོས་པཱ་ལིའི་སྐད་སློབ་རྒྱུ་འབད་བརྩོན་བྱེད་བཞིན་ཡོད།
སྔ་མོ་ཕྱི་ལོ་ ༡༩༦༠ ནང་འདི་ནས་བོད་པའི་དགེ་འདུན་པ་ཁ་ཤས་ཐའི་ལེནྜི་ནང་ཕྱིན་ནས་དགོན་པ་ཞིག་གི་ནང་སྒྲིག་ཞུགས་བྱས་ནས་འཕགས་པ་གནས་བརྟན་སྡེ་པའི་སྡོམ་རྒྱུན་གསར་པ་བཞེས། དེ་ལྟར་ཕལ་ཆེར་མི་བཞི་ལྔ་ཙམ་ཡོད་པ་ཡོད། དེ་རྗེས་མུ་མཐུད་རྒྱུ་བྱུང་མེད། ཁ་སྔོན་ཐའི་ལེནྜི་མི་སྣ་ཁ་ཤས་དང་ཐུག་ནས་སྔོན་ལ་ཐའི་ལེནྜིའི་དགེ་འདུན་པ་གསུམ་ཙམ་ཚུར་ཡོང་རྒྱུ་དང་། འདི་ནས་ཕར་དགེ་འདུན་པ་གསུམ་ཙམ་འགྲོ་རྒྱུ་བྱས་ནས་དེ་ལྟར་སྔོན་ལ་ཕན་ཚུན་དཔེ་ཆ་བསླབ་པའི་ཐོག་ནས་འབྲེལ་བ་ཤུགས་ཆེ་རུ་གཏོང་རྒྱུའི་ལས་འགུལ་བསྐྱར་གསོ་བྱེད་རྒྱུའི་སྐད་ཆ་བྱུང་། ཧ་ཅང་གལ་ཆེན་པོ་རེད་འདུག
དེ་མིན་ཡུལ་གྲུ་ཁག་མི་འདྲ་བ་མང་པོ་ཞིག་ནས་མི་སྣ་སླེབ་ཡོད། ནང་པའི་ཡུལ་གྲུ་རྒྱ་ནག་ལ་ཆ་བཞག་ན། ཕ་མེས་ནས་ནང་པའི་རྗེས་སུ་འགྲོ་མཁན་ཞིག་རེད། དེའི་ནང་ནས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་མཁན་ཆགས་ཡོད། རྒྱ་ནག་དང་འབྲེལ་ནས་ཝི་ཏི་ནམ་དང་། ཀོ་རི་ཡ། ཉི་ཧོང་དེ་དག་ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་མཁན་གཅིག་པ་ཆགས་ཡོད། དེ་བཞིན་སོག་པོ་ཕལ་ཆེར་ཡོད་ངོས་རེད། གང་ལྟར་བོད་ལ་ཡོད་པའི་སངས་རྒྱས་པའི་ཆོས་བརྒྱུད་འདི་གཅིག་པ་ཆགས་ཀྱི་འདུག སོག་པོ་རང་བཙན་རྒྱལ་ཁབ་དང་ཨུ་རུ་སུའི་ཁོངས་སུ་སོག་རིགས་གང་ཙམ་ཡོད་པ་མ་ཟད། རྒྱ་ནག་ཁོངས་ལ་སོག་རིགས་གང་ཙམ་ཡོད་པ་དེ་དག་ཚང་མ་ང་ཚོ་ཆོས་བརྒྱུད་གཅིག་པ་རེད། དེ་དག་ལོ་རྒྱུས་ཐོག་ནས་ཕ་མེས་ནས་མར་སངས་རྒྱས་པའི་ཆོས་རྗེས་སུ་འབྲང་མཁན་ཆགས་ཡོད།
བར་སྐབས་འཛམ་གླིང་འདིའི་སྟེང་འབྲེལ་ལམ་ Communication ཤུགས་ཆེ་རུ་ཕྱིན་ནས་དེ་འདྲའི་ཐོག་ནས་དེ་སྔ་ནང་ཆོས་དང་འབྲེལ་བ་མེད་པའི་ཡུལ་གྲུ་ཁག་གི་ནང་སངས་རྒྱས་པའི་ཆོས་སྐོར་དོ་སྣང་གསར་པ་སླེབ་པ་ཞིག་ཡོང་གི་འདུག དེ་རིང་འདིར་དེ་སྔ་ཕ་མེས་ཐོག་ནས་ནང་པའི་ལུང་པ་འབྲེལ་བ་མེད་མཁན་མང་པོ་ཞིག་འདིར་སླེབ་ཡོད། གང་ལྟར་ཁྱེད་རང་ཚོ་ཕ་མེས་ནས་ནང་པ་དང་འབྲེལ་བ་གང་ཡང་མེད་ནའང་སོ་སོ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཐོག་ནས་དོ་སྣང་བྱེད་ཡོང་དུས་སངས་རྒྱས་པའི་ཆོས་དང་། དེའི་ནང་ནས་སངས་རྒྱས་པའི་ལྟ་གྲུབ་ཟེར་རྒྱུ་འདི་ཕྲན་བུ་མི་འདྲ་བ་ཡོང་གི་ཡོད། དེར་དོ་སྣང་བྱེད་མཁན་ཇེ་མང་འགྲོ་བཞིན་འདུག
སྤྱིར་འཛམ་གླིང་འདིའི་སྟེང་ཆོས་བརྒྱུད་མང་པོ་ཡོད། རྒྱ་གར་ནས་བྱུང་བའི་ཆོས་བརྒྱུད་གྲངས་ཅན་པ་དང་། གཅེར་བུ་བ་སོགས་མུ་སྟེགས་པ་ཁག་མང་པོ་ཡོད། སངས་རྒྱས་པའི་ཆོས་རྒྱ་གར་ནས་བྱུང་བ་རེད། དེ་བཞིན་འཛམ་གླིང་དཀྱིལ་ཤར་ནས་འཛམ་གླིང་ནང་གི་ཆོས་ལུགས་གཙོ་ཆེ་བ་ཡི་ཤུ་དང་། ཇིའུ། ཁ་ཆེ་དེ་ཚོ་གྲས་ཕལ་ཆེར་འཛམ་གླིང་དཀྱིལ་ཤར་ནས་ཡོང་བ་རེད་འདུག ཆོས་བརྒྱུད་དེ་དག་ཚང་མ་མི་ལ་ཕན་རླབས་པ་ཡོད་པ་ཤ་སྟག་རེད། ཆོས་བརྒྱུད་རང་གི་ཐོག་ནས་རྩི་བ་ཡིན་ན། བྱམས་བརྩེ་དགོས་རེད་ཅེས་ཆོས་ལུགས་ཚང་མས་གསུང་གི་འདུག འོན་ཀྱང་ཆོས་བྱེད་མཁན་རང་ཉིད་ཆགས་སྡང་གི་གཞན་དབང་དུ་ཕྱིན་ནས་ང་ཚོའི་ཆོས་དང་ཁོ་པ་ཚོའི་ཆོས་ཞེས་ཆགས་སྡང་བྱེད་རྒྱུའི་སྟེང་འགྲོ་རྒྱུ་ཞིག་ཆགས་ཀྱི་འདུག རྩ་བའི་ཆོས་ལུགས་རང་གི་ཐོག་ནས་ཆོས་ལུགས་གཙོ་ཆེ་བ་ཚང་མས་བྱམས་བརྩེ་གསུང་མཁན་གཅིག་པ་ཆགས་ཀྱི་ཡོད། ཆོས་ལུགས་ཆུང་ངུ་ལྷ་གསོལ་བྱེད་རྒྱུ་བཟོ་འདྲ་བོ་དེ་ཚོ་གནས་ཚུལ་ཐ་དད་རེད། གཞན་ལྟ་གྲུབ་ཡོད་པའི་ཆོས་ལུགས་གཙོ་ཆེ་བ་ཚང་མས་བྱམས་བརྩེ་བསླབ་བྱ་གཙོ་བོ་གསུང་གི་འདུག དེ་དང་འབྲེལ་ནས་བཟོད་པ། ཆོག་ཤེས། རང་ཁྲིམས་སྲུང་རྒྱུ་དེ་དག་ཆོས་ལུགས་གཙོ་ཆེ་བ་ཚང་མའི་ནང་གཅིག་པ་ཆགས་ཀྱི་ཡོད།
གང་ལྟར་འཛམ་གླིང་འདིའི་སྟེང་ཆོས་བརྒྱུད་ཁག་དེ་དག་གིས་འདས་པའི་ལོ་སྟོང་ཕྲག་གཉིས་ལྷག་རིང་མི་ལ་ཕན་ཐོགས་ཡོད། ད་ལྟ་ཡིན་ནའང་ཆོས་བརྒྱུད་ཁག་དེ་དག་གི་རྗེས་སུ་འབྲང་མཁན་མི་ས་ཡ་མང་པོ་ཡོད་པ་རེད། འབྱུང་འགྱུར་མ་འོངས་པ་ཡིན་ནའང་ཆོས་བརྒྱུད་ཁག་དེ་དག་གིས་མུ་མཐུད་མི་ལ་ཕན་ཐོགས་ཡོང་ངེས་རེད། དེར་བརྟེན་ང་ཚོའི་ཆོས་ལུགས་དང་ཁོ་པ་ཚོའི་ཆོས་ལུགས་ཟེར་ནས་འཐེན་ཁྱེར་བྱེད་རྒྱུའི་གཞི་རྩ་ཁྱོན་ནས་མི་འདུག ཆོས་ལུགས་ཚང་མ་དངོས་གནས་མཐུན་པོ་བྱེད་དགོས། མཐུན་པོ་ཡོང་རྒྱུའི་རྩ་བ་གཅིག་གིས་གཅིག་ལ་གུས་ཞབས་དགོས། དད་པ་དང་གུས་པ་དབྱེ་བ་འབྱེད་དགོས། དད་པ་བྱེད་ས་ནི་སོ་སོའི་ཆོས་ལུགས་དང་གུས་པ་ནི་ཆོས་ལུགས་ཚང་མར་བྱེད་དགོས་པ་ཞིག་ཆགས་ཡོད། དེ་ལྟར་འཛམ་གླིང་འདིའི་སྟེང་ཆོས་ལུགས་མཐུན་སྒྲིལ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
ཆོས་ལུགས་མཐུན་སྒྲིལ་ཡོང་གི་རེད་དམ་ཞེ་ན། ཡོང་ཐུབ་ཀྱི་རེད། རྒྱ་གར་དཔེ་མཚོན་ཡག་ཤོས་རེད། འཛམ་གླིང་ནང་གི་ཆོས་ལུགས་གཙོ་ཆེ་བ་ཚང་མ་རྒྱ་གར་ནང་ཡོད། རྒྱ་གར་ནང་ཆོས་ལུགས་མཐུན་སྒྲིལ་ཧ་ཅང་ཡག་པོ་རེད་འདུག རྒྱ་གར་ལུང་པ་ཆེན་པོ་འདི་འདྲའི་ནང་ཆོས་ལུགས་འདྲ་མིན་དེ་དག་འཆམ་མཐུན་ངང་གནས་ཐུབ་ཀྱི་ཡོད་སྟབས། འཛམ་གླིང་སྤྱི་ལ་ཡིན་ནའང་ཆོས་ལུགས་མཐུན་སྒྲིལ་ཡོང་ཐུབ་རྒྱུ་ཞིག་ཏན་ཏན་རེད་འདུག དེར་བརྟེན་ངོས་ཀྱིས་ཆོས་ལུགས་ཚང་མར་གུས་ཞབས་བྱེད་ཀྱི་ཡོད། ཆོས་ལུགས་ཚང་མས་མི་ལ་ཕན་ཐོགས་བྱེད་མཁན་ཞིག་དང་། བྱམས་བརྩེའི་བསླབ་བྱ་སྟོན་མཁན་གཅིག་གྱུར་ཡིན་པའི་ཆ་ནས་ཆོས་ལུགས་ཚང་མར་རྗེས་སུ་ཡི་རངས་བྱེད་ཀྱི་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ།