ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡༩ རེས་གཟའ་མིག་དམར།
༄༅། །འདི་གར་དཔལ་འབྱོར་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡༤ ནས་ ༡༥ བར་ཉིན་གྲངས་གཉིས་རིང་ལྡེ་ར་ལྡུན་བདེ་སྐྱིད་གླིང་པོ་ཏ་ལ་ཚོགས་ཁང་དུ་ཨུཊར་ཁན་མངའ་སྡེ་དང་། ཧི་མ་ཅལ་སིར་མོར་རྫོང་། ལྡི་ལི། ཝ་ར་ཎ་སི་བཅས་ཀྱི་ས་གནས་རང་བདེན་ཚོགས་ཆུང་ཁག་བཅུ་གཅིག་གི་ཚོགས་མི་གསར་འདེམས་བྱུང་བ་རྣམས་ལ་དང་བླངས་དཔྱ་དངུལ་བསྡུ་བཞེས་གནང་ཕྱོགས་དང་ཁྲིམས་སྒྲིག ཚོགས་ཆུང་གི་རྒྱུན་གྲོན་རྩིས་ཁྲ་བཟོ་ཉར་དང་སྔོན་རྩིས་འབུལ་ཕྱོགས། དཔྱ་དེབ་བཟོ་ཕྱོགས་བཅས་ཀྱི་ཐོག་ཟབ་སྦྱོང་ཞིག་གནང་ཡོད།
སྐབས་དེར་འབྲེལ་ཡོད་ལས་བྱེད་ནས་ཟབ་སྦྱོང་གི་ངོ་བོ་དང་རྒྱབ་ལྗོངས་སྐོར་དང་། ལྡེ་ར་ལྡུན་ས་གནས་འགོ་འཛིན་ལས་ཚབ་ནས་གསུང་བཤད་བཅས་གནང༌ཡོད། ཐེངས་འདིའི་ཟབ་སྦྱོང་ནང་རང་བདེན་ཚོགས་ཆུང་གི་ཚོགས་མི་གྲངས་ ༢༧ མཉམ་ཞུགས་གནང་ཡོད།
དེ་ཡང་ཟབ་སྦྱོང་ཉིན་དང་པོ་ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོའི་ལས་རིམ་ནང་དཔལ་འབྱོར་ལས་ཁུངས་ཀྱི་གྲངས་ཐོ་ཚན་པའི་འབྲེལ་ཡོད་ལས་བྱེད་ནས་དང་བླང་དཔྱ་དངུལ་ལག་དེབ་གསར་བཟོ་དང་། ནོར་བཅོས། བོར་བརླག ལོ་རྒྱུས་སྙིང་བསྡུས་བཅས་ཀྱི་ཐད་དཔལ་ལྡན་བཀའ་ཤག་ནས་གཏན་འབེབས་གནང་བའི་རྩ་འཛིན་ལམ་སྟོན་ཁག་དང་། དཔལ་ལས་ཀྱི་བཀོད་ཁྱབ་རྩ་འཛིན་བཅས་ལ་གོ་རྟོགས་ཟབ་འཁྲིད་གནང་ཡོད།
ཉིན་དང་པོའི་ཕྱི་དྲོ་དཔྱ་ཁྲལ་ཚན་པའི་འབྲེལ་ཡོད་ལས་བྱེད་ནས་བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་དང་བསྡུ་དངུལ་གཞན་དག་གི་འབུལ་འབབ་ཁྲིམས་ཡིག་དང་། བོད་རང་དབང་བདེན་པའི་ལས་འགུལ་གྱི་ས་གནས་ཚོགས་ཆུང་གི་སྒྲིག་གཞི་ཁག་གཉིས་ཐོག་འགྲེལ་བརྗོད་དང་། དཔྱ་དངུལ་བསྡུ་བཞེས་གནང་ཕྱོགས་དང་འབྲེལ་བའི་ཐོག་ཟབ་སྦྱོང་གནང་ཡོད།
ཟབ་སྦྱོང་ཉིན་གཉིས་པ་ཕྱི་ཚེས་ ༡༥ ཉིན་ས་གནས་རང་ཚོགས་ཀྱི་རྒྱུན་གྲོན་རྩིས་ཁྲ་བཟོ་ཉར་དང་སྔོན་རྩིས་འབུལ་ཕྱོགས། རྩིས་ཞིབ་སྙན་ཐོའི་ལན་འདེབས། རྒྱབ་ལྗོངས་དན་རྟགས་འབུལ་ཕྱོགས་བཅས་ཀྱི་སྐོར་ལ་ཟབ་འཁྲིད་གནང་རྗེས། ཚོགས་མི་རྣམ་པ་ཚོགས་ཆུང་དུ་ཆ་བགོས་ཀྱིས་ཟབ་འཁྲིད་ཟིན་པ་དོན་གནད་ཁག་ལག་ལེན་དངོས་སུ་བསྟར་ཕྱོགས་ཐད་གོ་བསྡུར་དང་སྦྱོང་བརྡར་གནང་ཡོད།
དཔྱ་ཁྲལ་ཚན་པའི་འབྲེལ་ཡོད་ནས་མཇུག་བསྡོམས་གསུང་བཤད་གནང་སྐབས་ཟབ་སྦྱོང་ནང་མཉམ་ཞུགས་ཐུབ་པའི་སྐུ་ཚབ་ཚོགས་མི་རྣམས་ནས་ཉིན་གཉིས་ཀྱི་ཟབ་སྦྱོང་སྐབས་གང་ཁྲིད་པ་དེ་སོ་སོའི་ས་གནས་སུ་འབྱོར་རྗེས་ཚོགས་མི་གཞན་ཚོར་ངེས་པར་ངོ་སྤྲོད་གནང་དགོས་པ་དང༌། ཚོགས་ཆུང་སོ་སོའི་ལས་དོན་གཙོ་བོ་ཁྲིམས་སྒྲིག་དགོངས་དོན་ཁྱབ་ཁོངས་མང་ཚོགས་ནས་ངེས་ཅན་དཔྱ་དངུལ་མ་ཆད་པར་བསྡུ་བཞེས་ཐུབ་པའི་ཐུགས་འགན་རྐང་བཞེས་གནང་དགོས་པ་དང༌། རྩིས་ཁྲ་ཁག་ཁམས་དྭངས་བཟོ་ཉར་དགོས་སྐོར་སོགས་གསུངས་ཡོད།
ཕྱི་ལོ་ ༢༠༡༨ ཟླ་ ༦ ནང་སྒང་ཏོག་དང་། ཕྱི་ཟླ་ ༧ པའི་ནང་རྡ་རམ་ས་ལ། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བཅས་ས་ཁུལ་སོ་སོར་གོང་གསལ་ལྟར་ཟབ་སྦྱོང་གནང་གཏན་འཁེལ་ཡོད་པ་བཅས། །