ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༤ རེས་གཟའ་ཟླ་བ།
༄༅། །འདི་གར་ལྡི་ལི་བསམ་ཡས་གླིང་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། དཔལ་ལྡན་བཀའ་ཤག་ནས་རྒྱ་གར་རྒྱལ་ཡོངས་སུ་བོད་མི་རྣམས་ཀྱིས་ཕྱི་ལོ་ ༢༠༡༨ ཧྲིལ་པོར་རྒྱ་གར་གཞུང་དམངས་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་ཞུ་རྒྱུ་གཏན་འབེབས་གནང་བ་ལྟར། འདི་ག་ལྡི་ལི་བསམ་ཡས་གླིང་ས་གནས་འགོ་འཛིན་ལས་ཁུངས་ཀྱིས་སྣེ་ཁྲིད་དང་བརྒྱ་འཐུས་ལས་ཁུངས་ནས་མཉམ་རུབ་ཐོག་ས་ག་ཟླ་བའི་ཚེས་ཤར་ནས་བསམ་ཡས་གླིང་དང་བྷུཏ་བྷི་ཧར་མི་མང་འདུ་འཛོམས་ཀྱིས་རྒྱ་གར་རྒྱལ་ཁབ་ཡར་རྒྱས་གོང་འཕེལ་དང་། རྒྱ་གར་མི་དམངས་ཀྱི་བདེ་དོན་སླད་ Pray for India ཞེས་དམིགས་བསལ་སྨོན་ལམ་གསུང་འདོན་གོ་སྒྲིག་ཞུས་ཡོད་པ་མ་ཟད། དཔལ་ལྡན་ཆོས་རིག་ལས་ཁུངས་ཀྱི་བཀའ་དགོངས་ལྟར་ས་ག་ཟླ་བའི་ཚེས་བཅུ་ཉིན་ཉ་ལྗིད་ཚད་ཀི་ལོ་ ༦༠ ཐམ་པ་དང་། བྱིའུ་གྲངས་ ༥༠ ཐམ་པ་བཅས་ཚེ་ཐར་དང་། སྤྲེའུ་ལ་ངང་ལག་སྦྱིན་པ་བཏང་།
དེ་བཞིན་ལྡི་ལི་བསམ་ཡས་གླིང་ས་གནས་འགོ་འཛིན་གྱིས་གཙོས་པའི་འབྲེལ་ཡོད་ལས་བྱེད་རྣམ་པ་དང་། ཁྱབ་ཁོངས་འཕྲོད་བསྟེན་ཡན་ལག་སྨན་ཁང་གི་ལས་བྱེད་བཅས་ནས་མ་བསྐུལ་དང་བླངས་ཐོག་ཞལ་འདེབས་བསྡུ་རུབ་ཀྱིས་ཚེས་བཅོ་ལྔ་ཉིན་བྱིའུ་གྲངས་ ༧༠ ཐམ་པ་ཚེ་ཐར་དང་། སྤྲེའུ་ལ་ངང་ལག་སྦྱིན་པ་བཏང༌།
ཕྱོགས་མཚུངས་ས་གནས་བརྒྱ་འཐུས་ལས་ཁུངས་ནས་མི་མང་ནས་ཞལ་འདེབས་བསྡུ་རུབ་ཀྱིས་ཉ་གྲངས་ ༢༤༠༠༠ ཐམ་པ་དང་། དབུལ་པོར་ཟས་སྦྱིན་དང་མང་ཚོགས་ལ་ཆུ་མངར་མོ་སྦྱིན་པ་བཏང༌།
གཞན་ཡང་བྷུཏ་བྷི་བྷར་ཁུལ་གནས་སྡོད་མི་མང་རྣམས་ནས་འགྲུལ་སྐྱོད་པ་ཚོར་ཆུ་མངར་དྲང་མོ་དང་། དབུལ་པོར་ཟས་སྦྱིན། དེ་བཞིན་མང་ཚོགས་ལ་ཆུ་མངར་མོ་སྦྱིན་པ་བཏང་བ་སོགས་རྣམ་དཀར་དགེ་ཚོགས་ཀྱི་རྒྱུ་བསོད་ནམས་ཀྱི་ཚོགས་བསགས་ཡོད་པ་མ་ཟད། ལྷག་པར་ས་ག་ཟླ་བའི་ཚེས་བཅོ་ལྔ་ཉིན་ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་དབུ་བཞུགས་ཐོག་བསམ་ཡས་གླིང་ཁུལ་གྱི་མི་མང་ཚང་འཛོམས་ཐོག་རྒྱ་གར་རྒྱལ་ཁབ་ཡར་རྒྱས་གོང་འཕེལ་དང་རྒྱ་གར་མི་དམངས་ཀྱི་བདེ་དོན་སླད་དམིགས་བསལ་མཆོད་འབུལ་སྨོན་ལམ་གཟབ་རྒྱས་ཚོགས་ཡོད། སྐབས་དེར་ལྡི་ལི་སྐུ་ཚབ་དོན་གཅོད་མཆོག་གིས་མང་ཚོགས་ལ་རྒྱ་གར་གཞུང་དམངས་གཉིས་ཧ་ཅང་བཀའ་དྲིན་ཆེ་ལུགས་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད་པ་བཅས།།