༢༠༡༨ ཟླ་ ༦ ཚེས་ ༦ རེས་གཟའ་ལྷག་པ།
༄༅། །ཨོ་སི་ཀྲོ་ལི་ཡའི་གྲོང་ཁྱེར་སིཌ་ནི་ Sydney ཁུལ་དུ་གནས་བཞུགས་མདོ་ཁམས་ཏྲེ་ཧོར་ཁམས་པ་རྣམས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ནས་ད་བར་བོད་བསྟན་སྲིད་སྤྱི་དང་ལྷག་པར་དུ་ཆབ་སྲིད་བཙོན་ཟུར་དང་། འབྲེལ་ཡོད་འབྲེལ་ཆགས་ཡོངས་ལ་དམིགས་བསལ་གཟིགས་སྐྱོང་དང་ཐུགས་ཁུར་མཛད་པ་སོགས་ཀྱི་བཀའ་དྲིན་གསབ་ཕྱིར་དང་། ཕྱི་ལོ་ ༢༠༡༧ ལོར་དཔལ་ལྡན་སྲིད་སྐྱོང་མཆོག་ཨོ་སི་ཀྲོ་ལི་ཡའི་ནང་རྒྱལ་དོན་འཚམས་གཟིགས་སྐབས། མང་ཚོགས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་གཞི་མང་པོའི་ཁོངས་ནས་བོད་ཀྱི་བརྙན་འཕྲིན་གྱི་ལས་ཁུངས་དང་སྒྲ་འཇུག་ཁང་བཅས་པ་དེང་དུས་དང་མཐུན་པ་ཚད་ལྡན་ཞིག་གསར་རྒྱག་ཞུ་བཞིན་པའི་སྐོར་འགྲེལ་བརྗོད་གནང་ཞིང་བོད་མི་ཚོས་ཞལ་འདེབས་གནང་ན་སྒྲིག་འཛུགས་ལ་ཐུགས་ཕན་གསོ་རྒྱུ་ཡིན་པའི་འབོད་སྐུལ་ཡང་གནང་ཡོད།
དེར་བརྟེན་ཉེ་ལམ་ཨོ་སི་ཀྲོ་ལི་ཡའི་གྲོང་ཁྱེར་སིཌ་ནི་ཁུལ་དུ་གནས་བཞུགས་མདོ་ཁམས་ཏྲེ་ཧོར་ཁམས་པ་རྣམས་ནས་ཞལ་འདེབས་བསྡུ་རུབ་གནང་སྟེ་ཨོ་སི་ཀྲོ་ལི་ཡའི་དངུལ་འབབ་ ༢༦,༢༠༠།༠༠ (ཉིས་ཁྲི་དྲུག་སྟོང་ཉིས་བརྒྱ།) འཛའ་སྒྱུར་ཧིན་སྒོར་ ༡༣,༡༠,༠༠༠།༠༠ (འབུམ་བཅུ་གསུམ་དང་ཆིག་ཁྲི་ཐམ་པ།) བོད་ཀྱི་བརྙན་འཕྲིན་གྱི་འཕྲུལ་ཆས་ཡར་རྒྱས་གཏོང་རྒྱུའི་ཆེད་དུ་ཞལ་འདེབས་གནང་འབྱོར་བྱུང་བར་ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་ཚན་པས་ཞལ་འདེབས་གནང་མཁན་ཡོངས་ཀྱི་རྒྱལ་ཞེན་ཐུགས་ཁུར་ལ་ལེགས་གསོལ་བསྔགས་བརྗོད་དང་སྦྲགས་ཐུགས་རྗེ་ཞུ་རྒྱུ་ཡིན། ཁོང་རྣམ་པའི་ལྷག་བསམ་རྣམ་དག་གི་གནང་ཕྱོགས་འདིས་བོད་མི་གཞན་རྣམས་ལའང་དགེ་སྐུལ་གྱི་མིག་དཔེ་བཟང་པོ་ཞིག་ཡོང་བའི་རེ་བ་བཅས། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ནས་ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༥ ལ།།