༢༠༡༨ ཟླ་ ༦ ཚེས་ ༦ རེས་གཟའ་ལྷག་པ།
༄༅། །བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྐབས་བསྟུན་དགོས་མཁོ་གཞིར་བཟུང་ཕྱི་དྲིལ་ལས་ཁུངས་སུ་དམིགས་བཀར་ལས་བྱེད་ ༡ གཤམ་གསལ་ས་སྟོང་ཡོད་པར་དགོས་ངེས་ཆ་རྐྱེན་ཚང་ཞིང་དོན་དམ་སྲི་ཞུའི་ལས་བྱེད་ཞབས་འདེགས་ཞུ་འདོད་ཡོད་རིགས་ནས་འཚང་སྙན་འབུལ་འཐུས།
ཕྱི་དྲིལ་ལས་ཁུངས་སུ་དམིགས་བཀར་དྲུང་གཞོན་ས་མིག་ ༡ ཆེད་དགོས་ངེས་ཆ་རྐྱེན་གཤམ་གསལ།
༡༽ ལས་འགན། མཉམ་འབྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ཚན་པའི་ལས་འཛིན་པ།
༢༽ ཤེས་མྱོང། ཚད་ལྡན་མཐོ་སློབ་གང་ཞིག་ནས་འགྲོ་བ་མིའི་ཐོབ་ཐང་ཐོག་གཙུག་ལག་རབ་འབྱམས་པ་ཉིས་བརྩེགས་ (Double Master of Arts in International Human Rights) བསླབ་པ་མཐར་སོན་པའི་ལག་འཁྱེར་ཡོད་པ་གང་ཞིག་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཉམས་ཞིབ་དང་ལས་ཀ་བྱེད་མྱོང་ ཡོད་པའི་ཐོག་ལས་ཀའི་ཉམས་མྱོང་ཁྱོན་བསྡོམས་ལོ་ ༤ ལས་མི་ཉུང་བ་ཡོད་དགོས། ༼ལས་ཀའི་ཉམས་ མྱོང་དེ་བཞིན་ཞོར་ལས་མིན་པར་ལས་དུས་ཆ་ཚང་ (full time) ཡིན་པ་དགོས།༽
༣༽ ལོ་ཚད། ༢༠༡༨།༠༧།༢༣ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༣༥ ལས་མ་བརྒལ་བ་དགོས།
༤༽ རྒྱུགས་གཞི། འགྲོ་བ་མིའི་ཐོབ་ཐང་ཐོག་བོད་ཨིན་གཉིས་ཀྱི་འབྲི་རྒྱུགས་དང་ངག་རྒྱུགས་བཞེས་རྒྱུ།
གོང་གསལ་ས་མིག་ཐོག་ཆ་རྐྱེན་ལྡན་རིགས་ནས་འདི་ག་ལས་ཁུངས་དང། ས་གནས་འགོ་འཛིན་ལས་ཁུངས་ནས་ཞུ་བའམ། ཡང་ན། གཞུང་འབྲེལ་དྲ་རྒྱ་ (www.tibet.net) ནས་བོད་ཡིག་ཐོག་གཏན་འབེབས་ཡོད་པའི་འཚང་སྙན་འགེངས་ཤོག་བཏོན་སྟེ་དོན་ཚན་རྣམས་འཚེམས་ལུས་མེད་པ་བཀང་ཟིན་རྗེས།
༡༽ རང་ཉིད་ཀྱི་ད་ལྟའི་ཕྱེད་པར་ཚོན་ལྡན་ ༢ རེ་དང། (one passport & one stamp size)
༢༽ འཛིན་རིམ་བཅིུས་ཡན་གྱི་སློབ་ཐོན་ལག་འཁྱེར་ཆ་ཚང་དང་། གོང་གསལ་དགོས་མཁོའི་བཞིན་དེའི་ཤེས་ཚད་ཨང་ཤོག་དང་ལག་འཁྱེར་(Marks Card & Degree Certificate) བཅས་ཀྱི་ངོ་བཤུས།
༣༽ དང་བླངས་དཔྱ་ཁྲལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང། གཉིས་པ། འབུལ་འབབ་གཙང་ཕུལ་ཟིན་པའི་མཐའ་མའི་ངོ་བཤུས།
༤༽ གནས་ཡུལ་རྒྱལ་ཁབ་ཏུ་གནས་སྡོད་ཆོག་པའི་ལག་འཁྱེར། (RC) ཤོག་གྲངས་དང་པོ་དང། དུས་འགྱངས་ཞུས་པའི་མཐའ་མའི་ངོ་བཤུས།
༥༽ ཁྲིམས་མཐུན་སྐྱེས་ཚེས་ལག་འཁྱེར་ (Birth Certificate) གྱི་ངོ་བཤུས།
༦༽ བོད་མིའི་སྒྲིག་གཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་རྒྱ་བོད་སྨན་ཁང་ཡོད་ན་དང། དེ་མིན་སྨན་ཁང་ཚད་ལྡན་གང་རུང་ནས་ནད་གཅོང་དང་འགོས་ནད་རིགས་མེད་པར་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་(MC) ཁ་གསར་སྟེང་རང་ཉིད་ཀྱི་འདྲ་པར་མཉམ་སྦྱར་ཐོག་སྨན་པའི་ལས་དམ་དང། ས་རྟགས་འཁོད་པ་ངོ་མ།
༧༽ འབྲེལ་ཡོད་ས་གནས་འགོ་འཛིན་ནས་བྱ་སྤྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར་ (Character Certificate) ངོ་མ།
༨༽ གལ་སྲིད་ད་ལྟ་སྤྱི་སྒེར་གང་རུང་ནང་ལས་ཀ་བྱེད་མུས་ཡིན་ཚེ་ལས་ཡུལ་སྡེ་ཚན་ནས་དགག་ཆ་མེད་པའི་ངོས་སྦྱོར་ (No Objection Letter) ངོ་མ་བཅས་མཉམ་འབུལ་དགོས།
གོང་གསལ་ཡིག་ཆའི་ངོ་བཤུས་ཁག་ལ་འབྲེལ་ཡོད་ས་གནས་འགོ་འཛིན་ནམ། ལས་བྱེད་འདེམས་ལྷན་ནས་བསྐོ་གཞག་བྱས་པའི་ཟུང་དྲུང་གནས་རིམ་ཡན་སུ་རུང་གི་དག་མཆན་ལས་དམ་
(Attestation) ཞུས་ཏེ། ༢༠༡༨ ཟླ་ ༠༧ ཚེས་ ༢༣ ཉིན་གྱི་དགོང་དྲོ་ཚོུད་ ༥ པ་འགྱངས་མེད་འབུལ་དགོས་རྒྱུ། འབྲེལ་བ་ཞུ་བདེའི་ཆེད་སོ་སོའི་ཁྱིམ་གཞིས་དང། ད་ལྟའི་སྡོད་གནས་ཀྱི་ཁ་བྱང། ཁ་དཔར་ཨང། གློག་འཕྲིན། (E-Mail) སོགས་གང་ཡོད་ཁ་གསལ་བཀོད་དེ་གཤམ་གསལ་དྲུང་ཆེའི་མཚན་བྱང་ཐོག་ཕུལ་འབྱོར་ཟིན་པ་དགོས་རྒྱུ།
གོང་གསལ་དུས་བཀག་རྗེས་འཚང་སྙན་ཕུལ་འབྱོར་རིགས་རྩིས་མེད་གཏོང་རྒྱུ་དང་། དུས་ཐོག་འབྱོར་རིགས་རྣམས་ལ་ཞིབ་འཇུག་ཚོགས་ཆུང་ནས་ཞིབ་འཇུག་དང་འབྲེལ་འོས་ཆོས་ལྡན་པ་ཚོར་དུས་ཐོག་འབོད་བརྡ་བྱ་རྒྱུར་སྐབས་བསྟུན་ལག་འཁྱེར་སོགས་ཡིག་ཆ་ངོ་མ་མཉམ་འཁྱེར་གྱིས་འབྱོར་ཐོ་འགོད་བཅར་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ། ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ ༢༠༡༨ ཟླ་ ༠༦ ཚེས་ ༠༥ ལ།།
Secretary
Public Service Commission
Central Tibetan Administration
Gangchen Kyishong, Dharamsala-176215
Distt. Kangra(H.P)
Tel: 01892-222328
E-mail: [email protected]