༢༠༡༨ ཟླ་ ༦ ཚེས་ ༡༨ རེས་གཟའ་ཟླ་བ།
༄༅། །འདི་ལོའི་ཕྱི་ཟླ་ ༤ ནང་སུ་ཝི་ཌེན་ Sweden གཞུང་གིས་བོད་མི་རྡོ་རྗེ་རྒྱལ་མཚན་ཟེར་བ་དེས་ཡུལ་དེར་གནས་སྡོད་བྱེད་བཞིན་པའི་བོད་མི་བཙན་བྱོལ་བ་རྣམས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་སོ་ཉུལ་བྱས་པ་མ་ཟད། སྡོད་ཁང་དང་ཁྱིམ་ཚང་གི་གནས་སྟངས། ཆབ་སྲིད་ཀྱི་ལས་དོན་ནང་མཉམ་ཞུགས་ཇི་ལྟར་བྱས་མིན་གྱི་གནས་ཚུལ་སོགས་ཞིབ་ཕྲ་རྒྱ་ནག་གཞུང་ལ་དུས་ཐོག་གནས་ཚུལ་མཁོ་གཏོང་བྱེད་བཞིན་ཡོད་པའི་དོགས་གཞིའི་འོག་ཉེས་འཛུགས་བྱས་ཡོད་ཀྱང་ད་བར་ཁྲིམས་ཐག་བཅད་མེད། འོན་ཀྱང་ཕྱི་ཟླ་ ༦ ཚེས་ ༡༥ རེས་གཟའ་པ་སངས་ཉིན་སུ་ཝི་ཌེན་ Sweden ཁྲིམས་ཁང་གིས་རྒྱ་མིའི་སོ་ཉུལ་བའི་བོད་མི་དེར་ཟླ་བ་ ༢༢ རིང་བཙོན་འཇུག་ཁྲིམས་ཐག་བཅད་འདུག
དེ་ཡང་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། བོད་མི་དེས་པོ་ལེནྜ་ Poland ཡུལ་དུ་རྒྱ་ནག་གཞུང་གི་གསང་བའི་ལས་བྱེད་པ་དང་ཐེངས་འགའ་ཤས་ཐུག་འཕྲད་བྱས་ཡོད་འདུག དེང་སྐབས་གོ་ལའི་དཔལ་འབྱོར་དང་དམག་དོན་སྟོབས་ཤུགས་སོགས་ཀྱི་ཁྲོད་རྒྱ་ནག་གི་དབང་ཤུགས་ཇེ་ཆེར་འགྲོ་བཞིན་པ་དང་བསྟུན། རྒྱ་ནག་གཞུང་གིས་རང་གི་ལངས་ཕྱོགས་དང་ལྟ་ཕྱོགས་མི་མཐུན་པ་འཛིན་མཁན་ཕྱི་སྡོད་བོད་རིགས་དང་རྒྱ་མི་རིགས་བཅས་ཀྱི་འགྲོ་འདུག་སྤྱོད་གསུམ་དང་། ཆབ་སྲིད་ཀྱི་ལས་དོན་ཇི་འདྲ་སྤེལ་བཞིན་ཡོད་མེད་ཐད་ཆེད་མངགས་སོ་པ་བཙུགས་ནས་གསང་ཉུལ་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་ར་སྤྲོད་གསལ་པོ་བྱུང་ཡོད།
ལྷག་པར་བཙན་བྱོལ་ནང་གི་འཐབ་རྩོད་པ་ཚོའི་གཞིས་སུ་ཡོད་པའི་ནང་མི་སྤུན་མཆེད་རྣམས་ལ་དམིགས་འཛུགས་བྱས་ནས་སུན་གཙེར་བཟོ་བཞིན་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་ཁུང་ཙི་བསྟི་གནས་ཁང་ཟེར་བ་ Confucius Institutes དང་། རྒྱ་རིགས་མཁས་པའི་མཐུན་ཚོགས་ཟེར་བ་དེ་འདྲ་འཛམ་གླིང་ས་ཕྱོགས་འདྲ་མིན་ནང་བཙུགས་ནས་ཕྱི་ཚུལ་ལ་རྒྱ་ནག་གི་རིག་གཞུང་སློབ་གསོ་ཁང་ཡིན་ཁུལ་བྱས་ཀྱང་། ནང་དོན་རྒྱ་རིགས་ཚན་པའི་རིང་ལུགས་ཁྱབ་སྤེལ་དང་། རྒྱ་ནག་དམར་ཤོག་ཚོགས་པའི་ཁྲིམས་འགལ་གྱི་བྱ་སྤྱོད་སྦ་གསང་བྱ་རྒྱུ། འགྲོ་བ་མིའི་བཟང་སྤྱོད་དང་འགལ་བའི་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་སྐྱོན་བརྗོད་དང་དགག་བྱ་བྱེད་མཁན་ཚོར་གདོང་ལེན་བྱས་པ་བརྒྱུད་རྒྱ་ནག་གཞུང་གིས་འཁྱོག་བཤད་དང་དྲིལ་བསྒྲགས་ལོག་པ་སྤེལ་བཞིན་པ་དེ་དག་ཁྲིམས་མཐུན་ཡོང་ཐབས་ཆེད་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་བྱེད་མཁན་རྒྱ་ནག་གཞུང་གི་ལག་ཆ་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་བཅས། །