ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡༩ རེས་གཟའ་མིག་དམར།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡༨ ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཐོག་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་ཚོགས་གཙོ་སྤྱི་ཟུར་གླིང་ཚང་ཚེ་རྡོར་ལགས་ཀྱིས་གཙོས་དབུས་རྒྱུན་ལས་རྣམས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་གཟིགས་སྐོར་ཕེབས་སྐབས་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་འཚམས་འདྲི་དང་མཇལ་འཕྲད་གནང་ཡོད།
དེའི་སྐབས་དཔལ་ལྡན་ཚོགས་གཞོན་མཆོག་གིས་གསུང་དོན། དེང་སྐབས་གྲོས་ཚོགས་ནང་ཕྱི་ནང་གི་གཞུང་འབྲེལ་སྐུ་མགྲོན་དང་བོད་ཀྱི་གནད་དོན་མཁྱེན་རྟོགས་སླད་གྲོས་ཚོགས་སུ་བཅར་མཁན་མང་དག་ཅིག་ཡོད་པ་དང་། དེ་རིང་རྣམ་པ་ཚོ་གྲོས་ཚོགས་སུ་གཟིགས་སྐོར་ལ་ཕེབས་པར་བསྔགས་བརྗོད་དང་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན། ཁྱེད་རྣམས་ནི་སྤྱི་ཚོགས་ནང་སྣེ་ཁྲིད་མཁན་དང་འགོ་ཁྲིད་མཁན་ཤ་སྟག་ཡིན་སྟབས། ང་ཚོའི་འཐབ་རྩོད་ཀྱི་གནས་བབ་གོ་རྟོགས་ཚད་ལྡན་དང་མཐིལ་ཕྱིན་པ་ཡོད་དགོས་པ་གལ་ཆེན་པོ་ཡིན་པ་དང་། བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་གནང་མཁན་གང་མང་སྐྲུན་ཐུབ་དགོས་པ་དེ་བོད་མིའི་སྒྲིག་འཛུགས་དང་ཚོགས་སྡེ་ཁག་ཚང་མའི་འགན་འཁྲི་ཡིན་པས། རྣམ་པ་ཚོའི་ངོས་ནས་ཀྱང་རྒྱ་གར་དབུས་སའི་གྲོས་ཚོགས་འཐུས་མི་དང་། འཛིན་སྐྱོང་མི་སྣ། རྒྱ་གར་མི་མང་དཀྱུས་མ། གཞོན་སྐྱེས་སློབ་ཕྲུག་རྣམས་ནས་རྒྱབ་སྐྱོར་གང་མང་ཐོབ་ཐབས་སླད་ཡིག་ཆ་འགྲེམས་སྤེལ་དང་འབྲེལ་ལམ་གང་ཐུབ་གནང་སྟེ་མ་འོངས་པར་ས་གནས་སོ་སོའི་ནང་བོད་དོན་རྒྱབ་སྐྱོར་གང་མང་ཐོབ་ཐབས་ཀྱི་འབད་བརྩོན་གནང་ཐུབ་ཚེ་བོད་མིའི་སྒྲིག་འཛུགས་ལ་ཕྱར་གྲུ་མཉམ་འདེགས་དང་། བོད་ཀྱི་འཐབ་རྩོད་ཀྱི་ནུས་པ་ཆེ་རུ་འགྲོ་རྒྱུའི་ཕན་རླབས་ཆེན་པོ་ཡོད་ཅེས་དང་། ལྷག་པར་༸གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་འཛམ་གླིང་ནང་བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་ཚད་མཐོ་པོ་ཐོབ་བཞིན་ཡོད་སྟབས། ང་ཚོས་ཀྱང་༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་གནང་བ་བཞིན་འགན་ཁུར་གནང་ཐུབ་དགོས་སྐོར་བཅས་གསུངས་གནང་སོང་།
དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་སོ་སོའི་ནང་སྤྱི་འཐུས་ལྷན་ཚོགས་ནས་ཁྲིམས་སྒྲིག་གཏན་འབེབས་དང་། དངུལ་རྩིས་བཀའ་འཁྲོལ། གཞན་ཡང་བོད་ཀྱི་རྩ་དོན་ཐོག་བགྲོ་གླེང་ཇི་གནང་སྐོར་ལ་ངོ་སྤྲོད་སྙིང་བསྡུས་ཞུས་གནང་ཡོད་པ་མ་ཟད། སྤྱི་འཐུས་ལྷན་ཚོགས་ནས་དཔར་སྐྲུན་གནང་བའི་གྲོས་ཚོགས་ངོ་སྤྲོད་རྒྱས་པ་དང་སྙིང་བསྡུས། དེ་བཞིན་རང་ལུས་མེར་བསྲེགས་དང་འབྲེལ་བའི་ཡིག་ཆ་རྒྱས་བསྡུས་གཉིས་ཀའི་ཐོག་ངོ་སྤྲོད་སྙིང་བསྡུས་རེ་ཞུས་གནང་བ་དང་། ཁོང་རྣམས་ནས་ཀྱང་དཔལ་ལྡན་ཚོགས་གཞོན་མཆོག་གིས་གསུང་པའི་གནད་དོན་དེ་དག་ཕན་རླབས་ཆེན་པོ་བྱུང་ཞེས་གསུངས་གནང་སོང་།
དེ་རྗེས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དབུས་རྒྱུན་ལས་རྣམ་པས་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་མཇལ་འཕྲད་གནང་ཡོད་པ་བཅས། །