ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༢༩ རེས་གཟའ་པ་སངས།
༄༅། །འདི་གར་ཐེ་ལྦན་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ནས་ཕྱི་ལོ་ ༢༠༡༨་་་༢༠༡༩ ལོ་ནི་རྒྱ་གར་གྱིས་གཙོས་བོད་མི་གནས་ཡུལ་གཞུང་མང་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་གཏན་འཁེལ་བ་བཞིན། ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་ཐེ་ཝན་ཐུགས་རྗེ་ཆེ་ཞུའི་ལས་འགུལ་སྣ་མང་སྤེལ་ཟིན་པ་དང་། ཕྱི་ཟླ་ ༦ ཚེས་ ༢༨ དགོང་དྲོ་ཐེ་ཝན་གྷོ་ཀོང་ཚོགས་ཁང་ནང་བོད་ཀྱི་གཞས་སྣ་འཁྲབ་སྟོན་གནང་བ་རེད།
འཁྲབ་སྟོན་གྱི་ཐོག་མར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་གསུང་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དང་བསྟུན་བོད་ཀྱི་ཟློས་གར་ཚོགས་པ་ཆེད་དུ་ཐེ་ཝན་ནང་གདན་ཞུས་ཀྱིས་བོད་མིའི་སྲོལ་རྒྱུན་ཞབས་གཞས་གོ་སྒྲིག་བརྒྱུད་ཐེ་ཝན་གཞུང་མང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་དང་། འཛམ་གླིང་ཡུལ་གྲུ་གང་ས་ནས་སྐྱབས་བཅོལ་བོད་མིར་རོགས་སྐྱོར་གནང་ཡོད་པ་ལྟར་ཐེ་ཝན་གཞུང་མང་ནས་བོད་བརྒྱུད་ནང་བསྟན་དང་། བཙན་བྱོལ་སྤྱི་ཚོགས་ནང་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད། ལྷག་པར་ཕྱི་རྒྱལ་མི་རིགས་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་སྨན་པའི་ལག་དེབ་སྔོན་པོ་རྒྱབ་སྐྱོར་གནང་མཁན་ཁོངས་ད་ལྟའི་ཆར་ཐེ་ཝན་ནི་གྲངས་འབོར་མང་ཤོས་ཆགས་ཡོད་པ་སོགས་ཐེ་ཝན་གཞུང་མང་ཡོངས་ཀྱི་བཀའ་དྲིན་ལ་བོད་མིའི་ངོས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་ཐེངས་འདིའི་བོད་ཀྱི་ཟློས་གར་ཚོགས་པ་གདན་ཞུ་སྐབས་ཐེ་ཝན་རིག་གཞུང་ལས་ཁུངས་ནས་ཤུགས་ཆེའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས།
དེ་རྗེས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་གསུང་བཤད་གནང་དོན། དེ་རིང་དབུས་བོད་མིའི་སྒྲིག་འཛུགས་དང་། བཀའ་ཤག་སྐབས་བཅོ་ལྔ་པ། དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གི་ཚབ་ཞུས་ཏེ་འདིར་ཕེབས་པའི་སྐུ་མགྲོན་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུས་རྗེས། གཙོ་བོ་སྤྱི་ནོར་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་དབུ་ཁྲིད་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཐོག་གི་རོགས་རམ་ལ་བརྟེན་ནས། བོད་མི་རྣམས་ཀྱིས་བོད་མིའི་ངོ་བོ་མཚོན་པའི་ཆོས་དང་། རིག་གཞུང་། སྐད་ཡིག་སྲུང་སྐྱོབ་དང་། བཙན་བྱོལ་བོད་མིའི་གཞིས་ཆགས་སྲ་བརྟན། འཕྲོད་བསྟེན་ལས་གཞིར་གཞན་ལ་སྨོན་མི་དགོས་པའི་གྲུབ་འབྲས་ཆེན་པོ་ཐོབ་པ་སོགས་ངོ་སྤྲོད་གནང་བ་དང་། མཐའ་མ་ཐེ་ཝན་གཞུང་མང་གཉིས་ཀྱི་བོད་མིར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་སོགས་གསུངས།
གཞན་ཡང་ཐེ་ཝན་གྲོས་ཚོགས་འཐུས་མི་ལྕམ་ Kolas Yotaka ལགས་ཀྱིས་གསུང་དོན། དེ་རིང་འདིར་ཧ་ཅང་གི་དགའ་སྤྲོའི་ཚོར་བ་དྲག་པོ་ཞིག་སླེབས་ཀྱི་འདུག དེ་གང་ཡིན་ཟེར་ན་བོད་སོག་ལས་ཁུངས་སྒོ་བརྒྱབ་ནས་ཐེ་ཝན་གཞུང་གིས་ཐད་ཀར་བཙན་བྱོལ་བོད་མིའི་གཞུང་ལ་རྒྱབ་སྐྱོར་གྱིས་ཟློས་གར་ཚོགས་པ་གདན་ཞུ་ཐུབ་པ་རེད། འདིར་ཕེབས་པའི་ཐེ་ཝན་རིག་གཞུང་ལྷན་ཁང་གི་འགན་འཛིན་རྣམས་ལ་ཐུགས་རྗེ་ཆེ་ཞུ་གི་ཡིན། ཐེ་ཝན་དང་བོད་གཉིས་ཀ་རྒྱ་གཞུང་གི་གནོན་ཤུགས་འོག་གནས་ཡོད། བོད་མི་ནི་དེ་ནས་ཐབས་སྡུག་པ་ཡོད་པས། ང་རང་ཐེ་ཝན་གྲོས་ཚོགས་འཐུས་མི་ཞིག་ཡིན་པའི་ཆ་ནས་བཙན་བྱོལ་བོད་མིར་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་གསུང་བཤད་གནང་།
གྲོས་ཚོགས་འཐུས་མི་ལྕམ་ལིན་ཅིན་དབྱི་ལགས་ཀྱིས་གསུང་དོན་ལ། ཁོང་ནི་གྲོས་ཚོགས་འཐུས་མི་མ་ཆགས་གོང་ལོ་ལྟར་རྒྱ་གར་དུ་བསྐྱོད་ནས་བཙན་བྱོལ་སྤྱི་ཚོགས་ནང་གཙོ་བོ་འཕྲོད་བསྟེན་ཐོག་རོགས་རམ་བྱས་པའི་སྐོར་ངོ་སྤྲོད་དང་། འཛམ་གླིང་ཐོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་གི་ཡོད་པས་ཁོང་ཉིད་ཀྱིས་འབོད་སྐུལ་ཞུ་རྒྱུ་ཡིན་གནས་སྐོར་སོགས་གསུང་མཚམས་བོད་ཀྱི་ཟློས་གར་ཚོགས་པ་ནས་བོད་ཀྱི་མཐུན་མོང་མ་ཡིན་པའི་ཞབས་གཞས་འཁྲབ་སྟོན་གནང་བར། ཚོགས་ཞུགས་ཐེ་ཝན་མི་མང་གིས་དགའ་ཚོར་ཆེན་པོས་ཐལ་མོ་ཡང་ཡང་བརྡེབས། དེ་ཉིན་འཁྲབ་སྟོན་དྲ་རྒྱའི་ཐོག་ཐད་གཏོང་བྱས་པར་མི་གྲངས་ ༢༣༧༥༢ ཙམ་གྱིས་བརྒྱུད་སྐུལ་སོགས་བྱས་ཡོད་པ་བཅས།།