ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡༥ རེས་གཟའ་པ་སངས།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཁེ་ན་ཌའི་གྲོང་ཁྱེར་ཁག་གཅིག་ལ་གྲོས་ཚོགས་འཐུས་མི་སོགས་མཇལ་འཕྲད་དང་བོད་དོན་ཞུ་སྐུལ་ཆེད་ཕེབས་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡༣ ཉིན་གྱི་སྔ་དྲོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་དང་། སྤྱི་འཐུས་དོན་འགྲུབ་བཀྲ་ཤིས་ལགས། སྤྱི་འཐུས་མི་འགྱུར་རྡོ་རྗེ་ལགས། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་བཅས་དང་། བྱང་ཨ་རིའི་སྤྱི་འཐུས་པདྨ་ཕྱག་མཛོད་ཚང་ལགས་དང་། སྤྱི་འཐུས་ཚེ་དབང་རིག་འཛིན་ལགས་བཅས་ཀྱིས་ཁེ་ན་ཌའི་གྲོས་ཚོགས་གོང་མའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་ Ngo, Member of Senate Committee on Human Rights མཆོག་དང་མཇལ་འཕྲད་གནང་ཡོད་པ་དང་། ཉིན་རྒྱབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་སྐུ་ཞབས་ Randall Garrison, Co-Chair of Parliamentary Friends of Tibet མཆོག་དང་མཇལ་འཕྲད་གནང་ཡོད་འདུག
སྐབས་དེར་བོད་མི་མང་སྤྱི་འཐུས་རྣམ་པས་གྲོས་ཚོགས་འཐུས་མི་རྣམ་གཉིས་དང་ལྷན་གལ་ཆེའི་གནད་དོན་མང་པོའི་ཐོག་གྲོས་བསྡུར་གནང་ཡོད་པ་དང་། དེ་བཞིན་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཡོངས་ལ་ཕྱིའི་རྒྱལ་ཁབ་ཁག་གི་མི་སྣ་དང་ཁེ་ན་ཌའི་མི་མང་རྣམས་རང་དབང་ཐོག་འགྲོ་བསྐྱོད་བྱེད་མི་བཅུག་པ་མ་ཟད། ལྷག་པར་ཁེ་ན་ཌའི་མི་སེར་ཡིན་པའི་བོད་རིགས་ཚོ་བོད་ལ་ཕ་མ་སྤུན་མཆེད་གཉེན་འཕྲད་སླད་འགྲོ་མི་ཆོག་པར་དམ་བསྒྲགས་བྱེད་བཞིན་པའི་སྐོར་གསུངས་འདུག་པ་དང་།
ཁེ་ན་ཌའི་རྒྱལ་ཁབ་ནང་རྒྱ་རིགས་སུ་ཡིན་ཡང་རང་དབང་ཐོག་འགྲོ་བསྐྱོད་ཀྱི་གོ་སྐབས་ཡོད་པ་བཞིན། བོད་དང་རྒྱ་ནག་ནང་དུའང་ཁེ་ན་ཌའི་མི་སེར་རྣམས་ལའང་དེ་འདྲའི་གོ་སྐབས་འདྲ་མཉམ་དགོས་པའི་སྲིད་བྱུས་འཛིན་རྒྱུར་འབོད་སྐུལ་ཞུས་གནང་ཡོད་པ་དང་། དེ་བཞིན་གྲོས་ཚོགས་འཐུས་མི་རྣམ་གཉིས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འཚམས་འདྲིའི་ཕྱག་རྟགས་དང་། ཞུ་ཡིག་བཅས་ཕུལ་གནང་འདུག
དེ་རྗེས་སྤྱི་འཐུས་རྣམས་ཁེ་ན་ཌའི་གྲོས་ཚོགས་ཀྱི་ཚོགས་ཁང་དང་། ཁེ་ན་ཌའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་ཁུངས་བཅས་ལ་གཟིགས་སྐོར་ཕེབས་གནང་ཡོད་པ་དང་། ཕྱི་དྲོ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་ནས་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། བོད་མི་མང་སྤྱི་འཐུས་རྣམ་པར་དགོང་དྲོའི་གསོལ་ཚིགས་ཤིག་འདེགས་འབུལ་གནང་ཡོད་པ་བཅས་ཀྱི་གནས་ཚུལ་དུ། །