ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༨ རེས་གཟའ་པ་སངས།
༄༅། །བོད་རྒྱལ་ལོ་ ༢༡༤༥ ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༨ རེས་གཟའ་པ་སངས་ཉིན་བཞུགས་སྒར་རྡ་སར་རྟེན་གཞི་བྱས་པའི་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་མི་ལོ་ ༥༩ འཁོར་བའི་དུས་དྲན་དང་བསྟུན་རྒྱ་ལུ་རུ་ཁག་དང་རྔོན་པ་རུ་ཁག་གཉིས་དབར་རྐང་བྲོ་གླུ་གཞས་འགྲན་བསྡུར་གནང་སྟེ་རྔོན་པ་རུ་ཁག་ལ་ཐེངས་འདིའི་རྐང་བྲོ་གླུ་གཞས་ཀྱི་རྒྱལ་ཁ་ཐོབ།
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢ ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་དང་ཁྲིམས་ཞིབ་པ་གཞན་གཉིས་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག བཀའ་བློན་རྣམ་པ། སྤྱི་འཐུས་ རྒྱུན་ལས་རྣམ་པ། རང་དབང་ཅན་གྱི་ལས་ཁུངས་ཁག་གི་འགན་འཛིན་རྣམ་པ། དེ་མིན་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་དང་སྐུ་མགྲོན་གཞན་བཅས་ཁྱོན་མི་གྲངས་ ༢༥༠ བརྒལ་བ་ལྷན་འཛོམས་ཀྱིས་ཐོག་མར་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་པ་རྣམས་ལ་གདུང་སེམས་མཉམ་སྐྱེ་ཆེད་མྱ་ངན་གུས་འདུད་ངག་བཅད་སྐར་མ་གཅིག་རིང་ཞུས།
དེ་ནས་ཟློས་གར་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ཀྱིས་དུས་ཆེན་ངོ་སྤྲོད་ཀྱི་གསུང་བཤད་གནང་རྗེས་སྒྱུ་རྩལ་སློབ་ཁྲིད་འགན་འཛིན་བློ་བཟང་བསམ་གཏན་ལགས་ཀྱིས་རུ་ཁག་གཉིས་དབར་རྐང་བྲོ་གླུ་གཞས་འགྲན་བསྡུར་གྱི་ཟུར་དཔང་རྣམས་ངོ་སྤྲོད་གནང་རྗེས་རྒྱ་ལུ་རུ་ཁག་དང་རྔོན་པ་རུ་ཁག་གཉིས་དབར། རྐྱང་གཞས་དང་། འཁྲབ་གཞས། དེ་བཞིན་མཉམ་གཞས་བཅས་འགྲན་བསྡུར་གནང་མཐར་རྔོན་པ་རུ་ཁག་གིས་རྒྱལ་ཁ་བླངས།
དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གིས་བོད་ཀྱི་ཟློས་གར་ཚོགས་པར་ཞབས་ཞུ་བསྒྲུབས་ནས་ལོ་ངོ་ ༢༠ འཁོར་བའི་ལས་བྱེད་བསྟན་འཛིན་དངོས་གྲུབ་ལགས་དང་བུ་ཁྲིད་ལགས་ལ་ལེགས་གསོའི་ཕྱག་འཁྱེར་དང་ཟུར་དཔང་རྣམས་ལ་ཐུགས་རྗེ་ཆེ་ཞུའི་ལེགས་སྐྱེས། འགྲན་བསྡུར་གྱི་བྱ་དགའ་བཅས་གསོལ་རས་གནང་སྟེ་གསུང་བཤད་གནང་དོན། འདིར་ཕེབས་པའི་གཟིགས་མོ་བ་རྣམས་ལ་དབྱར་སྐྱིད་ཀྱི་གཞས་སྣ་འགྲན་བསྡུར་སྤྲོ་བོ་བྱུང་ཡོད་ངེས་རེད། ང་རང་ཡིན་ནའང་འདིར་བཅར་རྒྱུ་བྱུང་བ་དང་རྣམ་པ་ཚོའི་རྐྱང་གཞས་དང་འཁྲབ་གཞས། མཉམ་གཞས་བཅས་ལྟ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཐོག་མར་རུ་ཁག་རྣམ་གཉིས་ཀྱིས་འཁྲབ་སྟོན་གནང་བར་བཀའ་ཤག་གི་ཚབ་ཞུས་ཏེ་འཚམས་འདྲི་དང་སྦྲགས། ད་ལེན་འགྲན་བསྡུར་དེ་རུ་ཁག་གཉིས་ཀར་རྒྱལ་ཁ་ཐོབ་པར་ངོས་འཛིན་ཞུས་ཀྱི་ཡོད།
བཞུགས་སྒར་དུ་ལོ་ལྟར་དབྱར་སྐྱིད་ཟེར་དུས་ང་ཚོ་ཚང་མས་དབྱར་སྐྱིད་ཀྱི་དུ
ང་ཚོའི་རིག་གཞུང་ནི་ཧ་ལས་པའི་གཏིང་ཟབ་པོ་ཡིན་སྟབས། ཉོབ་སྣང་གཅིག་ཀྱང་ཚོར་གྱི་མི་འདུག ལོ་ངོ་ ༦༠ རིང་བོད་ནང་དུ་རྒྱ་ནག་གཞུང་གིས་གཏོར་བཤིག་ཚད་མེད་བཏང་ཡོད་པ་མ་ཟད། བོད་མི་རྣམས་རྒྱ་རིགས་སུ་འགྱུར་ཐབས་ཀྱང་བྱས་དང་བྱེད་མུས་རེད། ལོ་ ༦༠ རིང་ང་ཚོའི་རིག་གཞུང་ཐུན་མོང་མ་ཡིན་པ་གཞས་སྣ་འཁྲབ་སྟོན་ལ་སོགས་གནས་ཐུབ་པ་དེ་བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་ཟུར་པ་དང་། ལས་བྱེད་ཟུར་པ། དགེ་རྒན་ཟུར་པ། སློབ་ཕྲུག་བཅས་ཀྱིས་སྐུ་ལས་ཧ་ཅང་བསྐྱོན་པའི་འབྲས་བུ་བཟང་པོ་ཞིག་ཡིན་པར་བཀའ་ཤག་ནས་བསྔགས་བརྗོད་ཞུ་རྒྱུ་ཡིན། ད་བར་ང་ཚོའི་རིག་གཞུང་གནས་ཐུབ་པ་དང་། རྒྱུན་འཁྱོངས་ཐུབ་པར་སྙིང་ཐག་པ་ནས་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ཕྱི་ལོ་ ༡༩༥༩ ཟླ་ ༨ ཚེས་ ༡༡ ཉིན་བོད་ཀྱི་ཟློས་གར་ཚོགས་པ་ཐོག་མར་དབུ་བརྙེས་པ་རེད། དེ་ནས་ཕྱི་ལོ་ ༡༩༥༩ ཟླ་ ༡༡ ནང་བོད་ཀྱི་ཟློས་གར་ཚོགས་པས་ཟླ་གསུམ་ནང་ཚུད་འཁྲབ་སྟོན་དང་པོ་དེ་འཁྲབ་གནང་འདུག ཕྱི་ལོ་ ༡༩༦༠ ཟླ་ ༤ ཚེས་ ༩ ནས་ ༡༡ བར་ Afro Asian Conference ནང་མཉམ་ཞུགས་ཀྱང་གནང་ཡོད། སྐབས་དེར་རྒྱལ་ཁབ་འདྲ་མིན་ ༣༦ ཕེབས་འདུག ད་ཆ་ཟློས་གར་ནས་དགེ་རྒན་ཁྱོན་ ༥༠༠ ཐོན་ཐུབ་པ་བྱུང་ཡོད་པ་མ་ཟད། སློབ་གྲྭ་ཁག་དང་། ཕྱི་རྒྱལ་རྒྱལ་ཁབ་ཁག་ཏུ་སློབ་སྟོན་དང་། གཞས་སྣ་ལ་སོགས་འཁྲབ་གནང་གི་ཡོད།
༸སྐུའི་འཁྲུངས་སྐར་སྐབས་སུ་གཞས་སྣ་ལ་སོགས་བཏང་ཆོག་ཆོག་ཡོད་པ་དེ་བོད་ཀྱི་ཟློས་གར་ཚོགས་པའི་དགེ་རྒན་དང་སློབ་ཕྲུག་རྣམས་ཀྱིས་བཀའ་དྲིན་རེད། དེ་ང་ཚོའི་དོན་དངོས་ཐོག་ནས་སྤོབས་པ་སྐྱེ་དགོས་པ་ཞིག་ཡིན། ཞེས་དང་།
གཞན་ཡང་སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་ཉམས་གསོ་བྱེད་རྒྱུའི་སྐོར་དང་། ཉམས་གསོ་སླད་སུའི་ཛ་ལེནཌ་ནོར་བཟང་ཐེབས་རྩ་ཆོགས་པ་དང་། དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གི་བླ་བྲང་གཉིས་ནས་མཐུན་འགྱུར་རོགས་དངུལ་གནང་རྒྱུའི་ཞལ་བཞེས་ཐོབ་པར་བཀའ་ཤག་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་།
མཐའ་མ་བོད་ཀྱི་ཟློས་གར་ཚོགས་པའི་སློབ་ཁྲིད་འགན་འཛིན་བློ་བཟང་བསམ་བསྟན་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་རྒྱལ་ཁའི་ངང་གྲོལ་ཡོད་པ་བཅས། །