༢༠༡༨ ཟླ་ ༦ ཚེས་ ༡༥ རེས་གཟའ་པ་སངས།

སྐུ་པར་བདག་དབང་དགའ་ལྡན་ཕོ་བྲང་ཡིག་ཚང་།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡༤ ཉིན་གྱི་སྔ་དྲོར་ཡོ་རོབ་བྷལ་ཊིག་མངའ་ཁུལ་ Baltic State གྱི་རྒྱལ་ཁབ་ལི་ཐུ་ཝེ་ནི་ཡའི་ Lithuania ནང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ Lithuanian Parliamentary Group for Tibet རྣམ་པ་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་དོན། “བོད་ནང་ལ་མཚོན་ན་འགྲོ་བ་མིའི་ཐོབ་ཐང་མུ་མཐུད་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད། དེར་བརྟེན་ང་ཚོ་ཕྱོགས་གཅིག་ནས་དུས་ཚོད་ཧ་ཅང་གཉན་འཕྲང་ཅན་ཞིག་གི་སྒང་ལ་ཡོད། ངོས་ལ་གཙོ་བོ་བོད་ཀྱི་ཐུན་མིན་རིག་གཞུང་དེ་དག་བདག་པོ་རྒྱག་རྒྱུའི་ཐད་སེམས་འཚབ་སྐྱེ་བཞིན་འདུག
བོད་ཀྱི་རིག་གཞུང་བརྗོད་སྐབས་གཙོ་བོ་རྒྱ་གར་འཕགས་ཡུལ་གནའ་རབས་སེམས་ཁམས་རིག་པའི་ལྟ་གྲུབ་དང་འབྲེལ་བའི་ལེགས་བཤད་དེ་དག་ཆགས་ཡོད། ལྟ་གྲུབ་དེའི་ཐོག་ནས་ང་ཚོས་སེམས་རྒྱུད་འདུལ་ཐུབ་པ་དང་། ཉོན་མོངས་པའི་བློར་གཉེན་པོ་བསྟེན་ནས་སེམས་ནང་ཞི་བདེ་བསྐྲུན་ཐུབ་རྒྱུ་རེད། འདི་ནི་དེང་སང་འཛམ་གླིང་གནས་སྟངས་དང་འབྲེལ་བ་ཧ་ཅང་ཆེན་པོ་འདུག
ཁྱེད་ཚོས་བོད་དོན་ཐོག་སེམས་ཁུར་བླངས་ནས་རྒྱབ་སྐྱོར་གནང་བར་ངོས་ཀྱིས་ཡི་རངས་བསྔགས་བརྗོད་ཞུ་བཞིན་ཡོད། གཞིས་བཞུགས་བོད་མི་ཚོར་མཚོན་ན་སྙིང་སྟོབས་ཧ་ལས་པ་རེད་འདུག དེར་བརྟེན་ཁྱེད་ཚོས་རྒྱབ་སྐྱོར་གནང་བ་དེ་དག་མཐོང་སྐབས་བློ་སྟོབས་འཕེལ་ངེས་ཡིན་པ་མ་ཟད། རྒྱ་ནག་གི་འགོ་ཁྲིད་མཁྲེགས་འཛིན་པ་ཚོར་ཡང་བོད་ཀྱི་གནད་དོན་དེ་དངོས་ཐོག་བདེན་འཚོལ་གྱི་ཐོག་ནས་ཐག་གཅོད་བྱེད་དགོས་པའི་བརྡ་ལན་གསལ་པོ་ཞིག་ཀྱང་བཏང་བ་རེད། དེར་བརྟེན་ངོས་ཀྱིས་བོད་མི་ས་ཡ་དྲུག་གི་ཚབ་བྱས་ནས་ཁྱེད་རྣམ་པར་ཐུགས་རྗེ་ཆེ་ཟེར་གྱི་ཡིན། “ཞེས་བཀའ་སློབ་སྩལ།
སྐབས་དེར་བོད་དང་འབྲེལ་བའི་ས་ཁྲ་མི་འདྲ་བ་འགའ་ཤས་འཐོན་པའི་སྐོར་གྱི་དྲི་བར་༸གོང་ས་མཆོག་གིས་བཀའ་ལན་སྩལ་དོན། “ཆབ་སྲིད་ཀྱི་ས་མཚམས་ནི་གཞུང་འཛིན་མི་སྣ་ཚོས་བཟོས་པ་ཞིག་ཡིན་སྟབས་རིག་གཞུང་གི་ས་མཚམས་མཚོན་ཐུབ་མིན་གཉིས་ཀ་ཡོད་ཆོག

གྲོས་ཚོགས་བོད་དོན་རྒྱབ་སྐྱོར་བ་སོགས་དང་ལྷན།

སྲིད་འཛིན་ཟུར་པ་སྐུ་ཞབས་ཝི་ཏ་ཏུ་སི་ལེན་བྷར་གི་སི་ Prof Vytautas Landsbergis མཆོག་དང་ལྷན།
དེ་རྗེས་སྐུ་པར་ལྷན་སྒྲོན་སྐབས་བོད་ཀྱི་རྒྱལ་དར་ལག་ཏུ་འཛིན་པ་ཁག་གཅིག་ལ་ཐུགས་ཞིབ་མཛད་ནས་བཀའ་སློབ་སྩལ་དོན། “ཕྱི་ལོ་ ༡༩༥༤།༡༩༥༥ ལོར་ངོས་རང་རྒྱ་ནག་པེ་ཅིང་དུ་ཡོད་སྐབས་མའོ་ཙེ་ཏུང་དང་ཐེངས་འགའ་ཤས་མཇལ་རྒྱུ་བྱུང་། དེ་ནས་རིམ་བཞིན་མའོ་ Chairman Mao དང་ངོས་གཉིས་དབར་ཕ་བུའི་འབྲེལ་བ་ལྟ་བུ་ཆགས་ནས་མའོ་ཙེ་ཏུང་གིས་ངོས་ལ་བྱམས་སྐྱོང་ཧ་ཅང་གནང་བྱུང་། ཉིན་གཅིག་ཁོང་གིས་ “ཁྱེད་ཚོར་རྒྱལ་དར་ཡོད་དམ། ” ཞེས་འདྲི་སྐབས་ངོས་ཀྱིས་ཕྲན་བུ་ཐེ་ཚོམ་ངང་ “བོད་ལ་རྒྱལ་དར་ཡོད།” ཅེས་ཞུས་པ་ཡིན།
དེ་ནས་མའོ་ཡིས་རྒྱལ་དར་དེ་ངེས་པར་དུ་རྒྱ་ནག་གི་རྒྱལ་དར་དང་ལྷན་བསྒྲེངས་འཛུགས་དགོས་པའི་ལམ་སྟོན་གནང་བྱུང་། གལ་ཏེ་རྒྱ་ནག་དཔོན་རིགས་ཚོས་ཁྱེད་ཚོར་བོད་ཀྱི་རྒྱལ་དར་འཁྱེར་བ་དེར་སྐྱོན་བརྗོད་བྱས་ཚེ་ཁྱེད་ཚོས་ “མའོ་ཙེ་ཏུང་གིས་ཏཱ་ལའི་བླ་མར་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་ཆོག་པའི་ཆོག་མཆན་གནང་བ་རེད། ཅེས་ལན་འདེབས་བྱོས། ” ཞེས་ཞལ་ཤོབ་དང་སྦྲགས་བཀའ་སློབ་སྩལ།
དེ་རྗེས་ཡུལ་དེའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཝི་ཏ་ཏུ་སི་ལེན་བྷར་གི་སི་ Prof Vytautas Landsbergis མཆོག་དང་མཇལ་འཕྲད་མཛད། ཁོང་གིས་ཕྱི་ལོ་ ༡༩༩༡ ལོར་ཨུ་རུ་སུ་དམར་པོའི་རྒྱལ་ཁབ་ཁ་ཐོར་རྗེས་ལི་ཐུ་ཝི་ནི་ཡར་ Lithuania སླར་ཡང་རང་བཙན་ཐོབ་མཚམས་སྲིད་འཛིན་གནང་མྱོང་ཡོད་འདུག མཇལ་འཕྲད་སྐབས་༸གོང་ས་མཆོག་གིས་ “སྐུ་ཉིད་ཀྱིས་ཕྱི་ལོ་ ༡༩༩༡ ལོར་ངོས་ལ་འདིར་ཡོང་རོགས་ཞེས་མགྲོན་འབོད་གནང་སྐབས་ངོས་རང་ཧ་ཅང་དགའ་པོ་བྱུང་། སྐབས་དེར་མི་མང་ཚོས་དགའ་སྣང་གི་ཚོར་བ་ཤུགས་ཆེ་བཏོན་པ་མཐོང་སྐབས་ཁོང་ཚོའི་སྙིང་སྟོབས་དང་ཆོད་སེམས་ལ་ངོས་རང་ཧ་ལས་བྱུང་། ངོས་ཀྱང་སྐབས་དེར་ཁྱེད་ཚོའི་ཁྲོད་དགའ་སྟོན་གྱི་རྟེན་འབྲེལ་ལ་རོལ་ཐུབ་པར་ཆེ་མཐོང་ཐོབ་པ་ཞིག་བྱུང་།” ཞེས་བཀའ་སློབ་སྩལ།