༢༠༡༨ ཟླ་ ༦ ཚེས་ ༢༡ རེས་གཟའ་ཕུར་བུ།
༄༅། །དྲུང་ཟུར་གྲྭ་བཞི་བརྒྱ་དཔོན་སྐལ་བཟང་དགྲ་འདུལ་མཆོག་ཁ་སང་ཉིན་རྒྱབ་ཆུ་ཚོད་ ༤།༠༠ ཡོལ་ཙམ་ལ་ལྷ་རྒྱལ་རིའི་བགྲེས་ཤག་ཏུ་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བ་དང་། དམ་པ་དེ་ཉིད་ཀྱིས་མི་ལོ་ ༤༠ ལྷག་ཙམ་རིང་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་སྤྱི་སྨན་ཞབས་ཞུ་བསྒྲུབས་པར་རྗེས་དྲན་ཞུ་ཆེད་དུ། ད་རིང་ཉིན་རྒྱབ་ཆུ་ཚོད་ ༢།༠༠ ཐོག་གངས་སྐྱིད་ཚོགས་ཁང་གསར་པའི་ནང་དུ་ལས་བྱེད་རྣམས་ཚང་འཛོམས་ཀྱིས་སྨོན་ལམ་གསུང་འདོན་སྐབས་བཀའ་དྲུང་སྟོབས་རྒྱལ་ཚེ་རིང་ལགས་ཀྱིས་དམ་པ་ཁོང་གི་སྐུ་ཚེའི་ལོ་རྒྱུས་སྒྲོགས་སྦྱང་ཞུས། དེ་རྗེས་གཞུང་འབྲེལ་མྱ་ངན་གུས་འདུད་མཚོན་སླད་བོད་མིའི་སྒྲིག་འཛུགས་ཀྱི་དབུས་ལས་ཁུངས་ཁག་ལས་མཚམས་བཞག་ཡོད་འདུག
དེ་ཡང་གྲྭ་བཞི་བརྒྱ་དཔོན་སྐལ་བཟང་དགྲ་འདུལ་མཆོག་ནི། ཕྱི་ལོ་ ༡༩༢༥ ལོར་འཕྱོངས་རྒྱས་སུ་འཁྲུངས། ཕྱི་ལོ་ ༡༩༤༣ ལོར་དགུང་གྲངས་ ༡༨ སོན་སྐབས་བོད་གཞུང་ཁ་དང་གྲྭ་བཞི་གཡུལ་རྒྱལ་བསམ་འཕེལ་དམག་སྒར་དུ་འཕྱོངས་རྒྱས་རྫོང་ཁོངས་གཞུང་རྒྱུགས་དམག་རྐང་མཁར་གཙང་ཆུ་འཁོར་བའི་མི་ངོའི་དམག་ཞབས་སུ་སྒྲིག་ཞུགས་གཞི་རིམ་དམག་རྩལ་སློབ་སྦྱོང་ཁག་ལེགས་ཐོན།
ཕྱི་ལོ་ ༡༩༤༨ ལོར་གནས་བདུན་པ་ལྡིང་དཔོན་དང་། ཕྱི་ལོ་ ༡༩༥༡ ལོ་གནས་དྲུག་པ་བརྒྱ་དཔོན་བསྐོ་བཞག ཕྱི་ལོ་ ༡༩༥༩ ལོར་ལྷ་སར་མི་མང་སྒེར་ལངས་རྗེས་ནོར་གླིང་ཕོ་བྲང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོའི་༸སྐུ་བཅར་ཉེན་སྲུང་ཆིབས་ཞབས་སུ་བཅར། རྒྱ་གར་དུ་འབྱོར་གདོང་འབྲས་ལྗོངས་སུ་ལམ་ལས་ཁོངས་གནས་མང་ཚོགས་ཀྱི་འཐུས་མི་དང་།
ཕྱི་ལོ་ ༡༩༦༠ ལོར་གནས་མཆོག་རྡོ་རྗེ་གདན་དུ་བྱེས་འབྱོར་ཆོལ་ཁ་གསུམ་སེར་སྐྱ་མང་ཚོགས་ནས་མནའ་གན་མཐུ་མོ་ཆེ་འབུལ་སྐབས་འཐུས་མིར་ཆེད་བཅར། རང་གཞུང་མང་གཙོའི་ལམ་སྲོལ་སྒྲིག་འཛུགས་གསར་གཏོད་བསྐྱངས་གཤིས་བོད་མི་མང་སྤྱི་འཐུས་སྐབས་དང་པོར་འོས་ཐོན་ལྟར་ཐོག་མར་བདེ་སྲུང་ལས་ཁུངས་སུ་ལས་བགོས་བཞིན་འགན་ཁུར་དང་། ཕྱི་ལོ་ ༡༩༦༣ ལོར་སྤྱི་འཐུས་སྐབས་གཉིས་པར་འདེམས་ཐོན་གྱིས་ཤེས་རིག་བཀའ་བློན་ལས་རོགས་ཀྱི་འགན་བཞེས། ཕྱི་ལོ་ ༡༩༦༥ ལོར་ནང་སྲིད་ལས་ཁུངས་སུ་ལས་བགོས་ཞབས་ཞུ།
ཕྱི་ལོ་ ༡༩༦༦་་་་་་༡༩༦༩ སོ་སོར་སྤྱི་འཐུས་སྐབས་གསུམ་པ། བཞི་པར་འདེམས་ཐོན་ཚོགས་གཞོན་གྱི་ལས་ཁུར་ཞུས། ཕྱི་ལོ་ ༡༩༦༩— ༡༩༧༣ བར་བལ་ཡུལ་དོན་གཅོད་ངོ་མ་དང་། དོན་གཅོད་གསར་པར་ལས་དོན་རྒྱུས་མངའི་སློབ་སྟོན་འགན་ཁུར་ཞུས། གློ་ཁུལ་ཆོལ་གསུམ་དང་བླངས་སྒྲིག་འཛུགས་ཡར་རྒྱས་ཚགས་ཚུད་སྲ་བརྟན་ཡོང་སླད་འབོད་སྐུལ་དོན་བྱེད་དུ་བདེ་སྲུང་ལས་ཁུངས་ཀྱི་སྐུ་ཚབ་ཏུ་ཆེད་བསྩལ་ངོ་བསྐྱོད།
ཕྱི་ལོ་ ༡༩༧༤ — ༡༩༧༧ བར་ལ་དྭགས་ལྷོ་བྱང་གཞིས་སྤྱི། ཕྱི་ལོ་ ༡༩༧༧ ལོར་རྡ་སར་བདེ་སྲུང་ཡན་ལག་འགན་འཛིན། ཕྱི་ལོ་ ༡༩༧༨— ༡༩༨༠ བར་མེ་སོར་ལུགས་བསམ་གཞིས་འགོ ཕྱི་ལོ་ ༡༩༨༠ ལོར་རྡ་སར་དབུས་སྣེ་ལེན་ཁང་གི་འགན་འཛིན་དང་། ཡང་བསྐྱར་བདེ་སྲུང་ཡན་ལག་འགན་འཛིན་བཅས་ཁྱོན་གཞིས་བྱེས་གཉིས་སུ་ཞི་དྲག་སྲི་ཞུ་མི་ལོ་བཞི་བཅུ་ཐམ་པའི་རིང་ལེགས་བསྒྲུབས་ཀྱིས། ཕྱི་ལོ་ ༡༩༨༣ ལོར་རྒས་ཡོལ་ཞུས་བསྩལ་གྱིས་ད་བར་རྡ་སར་བཞུགས་སྒར་ལྷ་རྒྱལ་རིར་བཞུགས་མུས་ཐོག་ཁ་སང་ཕྱི་ཟླ་ ༦ ཚེས་ ༢༠ ཉིན་རྒྱབ་ཆུ་ཚོད་ ༤ ཡོལ་ཙམ་ལ་སྐུ་ཚེའི་འཕེན་པ་རྫོགས་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།