ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡༨ རེས་གཟའ་ཟླ་བ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཏི་ཝི་ཡའི་བོད་སྐྱོབ་ཚོགས་པ་དང་། མོ་སི་ཁོ་བོད་ཀྱི་ཐེབས་རྩ། རུ་སོག་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་བཅས་ཐུན་མོང་ནས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ། ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡༧ ཉིན་ཡུ་རོབ་བྱང་བརྒྱུད་ལ་ཏི་ཝེ་ཡའི་རྒྱལ་ས་རི་གྷའི་ Riga ནང་རྟེན་གཞི་བྱས་པའི་སྐོན་ཊོ་ Skonto ཚོགས་ཁང་ཆེན་མོའི་ནང་། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་རིམ་བསྡུས་དོན་དང་རྟེན་འབྲེལ་བསྟོད་པ། རྡོ་རྗེ་གཅོད་པ་བཅས་ཀྱི་བཀའ་ཆོས་ཉིན་གཉིས་པའི་སྐབས་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་བརྒལ་བར་བཀའ་སློབ་སྩལ་དོན།
འཛམ་གླིང་འདིའི་སྟེང་ཆོས་དད་མེད་མཁན་གྱི་མི་ཁག་གཅིག་ཡོད་པ་མ་ཟད། ཆོས་ལ་སྐྱོན་བརྗོད་བྱེད་མཁན་ཡང་ཡོད། གཞན་ཡང་ཆོས་ལ་དམིགས་བསལ་དོ་སྣང་གང་ཡང་མེད་མཁན་རིགས་གཅིག་དང་དོ་སྣང་བྱེད་མཁན་བཅས་ཁག་གསུམ་ལྟ་བུ་ཡོད། དེ་དག་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་མཁན་གཅིག་མཚུངས་རེད།
སྤྱིར་ཁ་སྔོན་བརྗོད་པ་ལྟར། སྤྱིར་མི་ཕལ་ཆེ་བས་བདེ་བ་དང་སྡུག་བསྔལ་ཟེར་སྐབས་ལུས་ཚོར་གྱི་བདེ་སྡུག་ཁོ་ནར་བསམ་བློ་གཏོང་མཁན་ཆགས་འདུག ཆོས་ཕྱོགས་ཀྱི་སྡེ་ཚན་དེ་དག་གིས་གཙོ་བོ་ལུས་ཚོར་གྱི་བདེ་སྡུག་ཙམ་མིན་པར་སེམས་ཀྱི་གཏིང་ནས་བདེ་བ་སྒྲུབ་རྒྱུ་ཞིག་དང་། ཆོས་ལུགས་ཚང་མས་བྱམས་བརྩེ་དང་དད་པ། དད་པ་ཟེར་རྒྱུ་དེ་ཡིད་བློའི་སྟེང་ནས་ཡོང་གི་ཡོད། མིར་དཀའ་ངལ་དང་རྐྱེན་ངན་དེ་འདྲ་འཕྲད་ནས་འུ་ཐུག་ཐབས་ཟད་ལྟ་བུ་ཡོང་སྐབས་དད་པ་ཡོད་པ་དེས་སེམས་འཇོག་ས་ཤིག་ཡོང་རྒྱུར་ཕན་ཐོགས་ཡོད། དེར་བརྟེན་ཆོས་ལུགས་ཚང་མས་དད་པ་བཤད་ཀྱི་ཡོད། གཙོ་ཆེ་ཤོས་དད་པའི་ཐོག་ནས་བསྒྲུབ་བྱ་གཙོ་བོ་གང་རེད་ཅེ་ན། ངོས་ཀྱིས་ལྟ་སྐབས་བྱམས་བརྩེ་ཟེར་རྒྱུ་འདི་རེད་འདུག
འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་བརྒྱུད་ཚོས་འཇིག་རྟེན་བཀོད་པ་པོའི་རྣམ་གཞག་བཤད་རྒྱུ་དེ་ཡང་མིར་བྱམས་བརྩེ་་སྤེལ་རྒྱུའི་ཆེད་དུ་དམིགས་པ་ཧ་ཅང་གསལ་པོ་རེད། དེར་བརྟེན་ཆོས་དད་ཡོད་མཁན་དང་མེད་མཁན་བྱས་ན་དཀའ་ངལ་འཕྲད་སྐབས་ཕལ་ཆེར་ཆོས་དད་ཡོད་མཁན་ཚོར་ཕྲན་བུ་བློ་འཇོག་ས་ཡོད་པའི་བཟོ་འདྲ་ཞིག་འདུག
ཆོས་དད་ཡོད་པའི་ཆོས་བརྒྱུད་ཁག་དེ་དག་གི་ནང་ལྟ་གྲུབ་གྱི་ཐོག་ནས་ཧ་ཅང་མི་འདྲ་བ་ཡོད། སངས་རྒྱས་པའི་ཆོས་ལུགས་ནང་བཅོམ་ལྡན་འདས་ཀྱིས། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །ཞེས་སེམས་འདུལ་དགོས་རེད་ཅེས་གསུང་གི་འདུག སེམས་འདུལ་སྟངས་ནི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་བེད་སྤྱོད་བྱས་ནས་སེམས་འདུལ་ཐབས་བྱེད་རྒྱུ་དང། སྨོན་ལམ་རྒྱག་པ་དང་དད་པ་བྱེད་པ་གཅིག་པུ་མིན་པར་རྒྱུ་མཚན་ལ་བསམ་བློ་བཏང་ནས་སེམས་མ་དུལ་བའི་སྐྱོན་གང་ཡོད། སེམས་མ་དུལ་བ་ཉོན་མོངས་པའི་གཞན་དབང་དུ་བཏང་ན་ང་ཚོར་གྱོང་གང་འདུག དེ་དག་ལ་བསམ་བློ་ཐོང་། སེམས་མ་དུལ་བས་འཕྲལ་དུ་ཡིན་ནའང་མ་སྐྱིད་པ་ཡོང་བ་ཞིག་དང་། གང་ལྟར་སྤྱི་ཚོགས་ནང་ཡིན་ནའང་མ་སྐྱིད་པ་ཡོང་བའི་གནས་ཚུལ་ལ་བསམ་བློ་བཏང་ནས་སེམས་མ་དུལ་བའི་ཉེས་དམིགས་མཐོང་དགོས། དེ་མཐོང་ནས་སེམས་དུལ་བའི་ཆ་དེ་མ་དུལ་བའི་དབང་གིས་བྱུང་བའི་སྐྱོན་དེ་དག་སེམས་དུལ་བའི་ཆ་ནས་ཉུང་དུ་འགྲོ་ཐུབ་པ་ཏན་ཏན་ཡོང་ཐུབ། དེར་བརྟེན་སེམས་འདུལ་ཐབས་ཞེས་གལ་ཆེན་པོ་བྱས་ནས་གསུང་པ་རེད།
དེ་འདྲིའི་སེམས་འདུལ་ཐབས་བྱེད་རྒྱུ་དེ་ལ་སྨོན་ལམ་བརྒྱག་ནས་འདུལ་ཐབས་བྱེད་རྒྱུ་ཁོ་ན་མིན་པར། སེམས་ཀྱི་འགྲོ་སྟངས་ཡག་པོ་ཤེས་པར་བྱས། སེམས་མ་དུལ་བ་བྱེད་མཁན་དེ་གང་གིས་བྱེད་ཀྱི་འདུག འདི་རྒྱ་གར་གི་ལོ་སྟོང་ཕྲག་གསུམ་བཞིའི་ནང་ཉོན་མོངས་ཞེས་པའི་རྣམ་གཞག་ཅིག་གསུང་ཡོང་གི་འདུག སེམས་མ་དུལ་བ་བྱེད་མཁན་ནི་ཉོན་མོངས་ཡིན་པ་དང་། ཉོན་མོངས་ཞེས་པའི་མིང་ཚིག་ཁོ་རང་སེམས་མ་ཞི་བ་བྱེད་མཁན་སེམས་འཁྲུག་ཡོང་མཁན་ཞིག་ལ་ཉོན་མོངས་ཟེར་གྱི་ཡོད། སངས་རྒྱས་བཅོམ་ལྡན་འདས་མ་བྱུང་གོང་རྒྱ་གར་ནང་ཉོན་མོངས་ཀྱི་རྣམ་གཞག་སྐོར་གསུང་ཡོང་གི་འདུག
ཉོང་མོངས་འདུལ་ཐབས་ནི་སྨོན་ལམ་རྒྱག་པ་ཙམ་མིན་པར་ཞི་གནས་དང་ལྷག་མཐོང་སྒོམ་པའི་ཐོག་ནས་སེམས་བཅོས་རྒྱུ་ཡོང་གི་འདུག སེམས་མ་དུལ་བ་བྱེད་མཁན་དེ་ངོས་འཛིན་པའི་ཐོག་ནས་དེའི་གཉེན་པོ་སྐྱེས་པའི་སྒོ་ནས་སེམས་དུལ་བ་བྱེད་རྒྱུ་ཞིག་གསུང་གི་ཡོད། དེའི་ནང་ནས་སངས་རྒྱས་པའི་ཆོས་ཀྱིས་སྔོན་ལ་སེམས་དུལ་བའི་ཡོན་ཏན་དང་ཁེ་གང་ཡོད་པ། སེམས་མ་དུལ་བའི་སྐྱོན་ཆ་དང་གྱོང་གང་ཡོད་པ་དེར་བསམ་བློ་གཏོང་དགོས།
མགོན་པོ་ཀླུ་སྒྲུབ་ཀྱི་དབུ་མ་རིན་ཆེན་ཕྲེང་བའི་ནང་། བསྒྲུབ་བྱ་ནི་གནས་སྐབས་མངོན་མཐོ་དང་མཐར་ཐུག་ངེས་ལེགས། ཞེས་གསུང་གི་འདུག མངོན་མཐོ་དང་ངེས་ལེགས་ཞེས་བསྒྲུབ་བྱ་མངོན་མཐོའི་བདེ་སྐྱིད་དང་ངེས་ལེགས་ཀྱི་བདེ་སྐྱེད་ཅེས་ངེས་ལེགས་ནི་ཐར་པ་རྩི་ཡི་ཡོད། ངེས་པར་ལེགས་པ་ཟེར་རྒྱུ་འདི་སྡུག་བསྔལ་གྱི་རྒྱུ་གཏན་དུ་སྤངས་པ་འདི་ཉོན་མོངས་སྤངས་པ་ཡིན་སྟབས། སྡུག་བསྔལ་གྱི་རྒྱུ་བྱེད་མཁན་མེད་པ་ཆགས་ནས་སེམས་མ་དུལ་བ་བྱེད་མཁན་མེད་པ་ཆགས། དེར་བརྟེན་ངེས་པར་ལེགས་པ་ཞེས་གཏན་དུ་བདེ་བ་བཤད་པ་རེད། འདི་མཐར་ཐུག་གི་བསྒྲུབ་བྱ་དང་གཏན་དུ་བདེ་བ་བྱས། འདི་ཡོང་བར་གཙོ་བོ་སེམས་སྦྱོང་བརྡར་བྱས་ནས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱི་ཐོག་ནས་ཆོས་རྣམས་ཀྱི་ཡིན་ལུགས་གཏན་ལ་ཕབ་ནས་གཙོ་བོ་ཤེས་རབ་ཀྱི་ཐོག་ནས་འགྲོ་དགོས་ཀྱི་འདུག དེར་བརྟེན་མིའི་ལུས་རྟེན་འདིར་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཡོད་པ་ཞིག་རེད།
དུད་འགྲོ་དང་མི་མ་ཡིན་དེ་ཚོའི་གྲས་ལ་གང་ཙམ་ཤེས་རབ་ཡོད་ངེས་རེད། འོན་ཀྱང་མི་ནང་བཞིན་གྱི་ཤེས་རབ་སྤུས་དག་པོ་དང་ཟབ་པོ་ཞིག་ཕལ་ཆེར་ཁག་པོ་རེད་འདུག དེར་བརྟེན་གནས་སྐབས་མངོན་མཐོ་བསྒྲུབས་ནས་མངོན་མཐོའི་སྟེང་ནས་བསླབ་པ་གསུམ་ཉམས་ལེན་བྱས། གཙོ་བོ་ཤེས་རབ་གྱི་བསླབ་པ་ཉམས་ལེན་བྱས་ནས་ངེས་ལེགས་སྒྲུབ་རྒྱུ་དང་། དབུ་མ་རིན་ཆེན་ཕྲེང་བའི་ནང་གནས་སྐབས་ཀྱི་བདེ་སྐྱིད་མངོན་མཐོ། མཐར་ཐུག་གི་བདེ་སྐྱིད་ངེས་ལེགས་ཞེས་གསུང་ཡོད་སྟབས། དེ་ལྟ་བུའི་གནས་སྐབས་མངོན་མཐོ་སྒྲུབ། མངོན་མཐོའི་བདེ་སྐྱིད་ཐོབ་པར་བྱས། དེ་ནས་ཚེ་ཕྱི་མའི་མངོན་མཐོའི་སྐད་ཆ་ཙམ་མིན་པར་ཚེ་འདིའི་མི་ཚེ་འདི་བདེ་ཞིང་སྐྱིད་པ་དགོས་རྒྱུ་ཞིག་རེད། དེར་བརྟེན་མངོན་མཐོའི་བདེ་སྐྱིད་ཟེར་དུས་མ་འོངས་པའི་སྐད་ཆ་ཙམ་མིན་པར་ད་ལྟ་ཡིན་ནའང་སེམས་སྐྱིད་པ་དང་ཞི་བདེ་བག་ཕེབས་པ་ཡོད་དགོས་པ་ཞིག་རེད་འདུག ཞི་བདེ་བག་ཕེབས་ཡོད་ན་བསམ་བློ་གཏོང་རྒྱུའི་ནུས་པ་བཟང་བ་ཡོད། སེམས་འཁྲུག་པ་ཡིན་ན་སེམས་ཀྱི་རྣམ་དཔྱོད་ཐོག་ནས་བསམ་བློ་གཏོང་རྒྱུར་ཏན་ཏན་དཀའ་ངལ་ཡོད།
མི་སེམས་ཧ་ཅང་འཁྲུག་པ་ཞིག་ལ་གཞན་ཕན་གྱི་བློ་བསམ་བློ་གཏོང་ཟེར་བ་དང་། བདག་མེད་པའི་ལྟ་བའི་ཐོག་བསམ་བློ་གཏོང་། ཞེས་བརྗོད་ཚེ་སྣ་ཁུག་དང་མདོང་གཅུས་ནས་སྡོད་ཀྱི་རེད། སྔོན་ལ་སེམས་ཞི་བདེ་བག་ཕེབས་མེད་ན། དེ་འདྲའི་བསམ་བློ་གཏོང་རྒྱུ་ཞིག་ཡོང་གི་མི་འདུག དེར་བརྟེན་སྔོན་ལ་སེམས་ཞི་བདེ་དགོས། སེམས་ཞི་བདེ་བཟོ་རྒྱུའི་རིམ་པའི་ནང་། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཐོག་ནས་བསམ་བློ་བཏང་། དེ་ནས་ཚན་རིག་པའི་ཐོག་ནས་བཤད་བཞིན་པ་དེ་ཚོའི་གྲས་འབྲེལ་ཡོང་ན་ཆོས་ཕྱོགས་ཐོག་ནས་འགྲེལ་བཤད་རྒྱག་དུས་ལྐོག་གྱུར་ལྟ་བུ་མང་པོ་ཞིག་ཡོང་གི་ཡོད།
ཆོས་ཕྱོགས་ཀྱི་གནས་ཚུལ་རིགས་གཅིག་ནི་ཤིན་ཏུ་ལྐོག་གྱུར་བྱས་ནས་ལུང་ལ་བརྟེན་དགོས་པའི་བཟོ་འདྲ་བོ་དང་། ཉམས་མྱོང་ཡོད་མཁན་གང་ཟག་ཅིག་གི་ངག་ལ་བརྟེན་ནས་ཤེས་རྒྱུ་མ་གཏོགས་མེད་པ་དེ་འདྲ་ཡོང་གི་འདུག ང་ཚོས་ཚན་རིག་ཟེར་སྐབས་མཐོང་ཆོས་ཀྱི་སྐད་ཆ་རེད། མཐོང་བ་མངོན་གྱུར་ཐོག་ནས་ཤོད་ཀྱི་འདུག མཐོང་བ་མངོན་གྱུར་ཐོག་ནས་སེམས་ལ་ཞི་བདེ་ཡོད་ན་ཕན་ཐོགས་གང་ཡོད་པ་དེ་དག་ཚན་རིག་པའི་ཐོག་ནས་བཤད་རྒྱུ་འདི་ཧ་ཅང་གལ་ཆེན་པོ་རེད་འདུག
དེང་སྐབས་ང་ཚོའི་འཛམ་གླིང་འདིར་ཚན་རིག་ཡར་རྒྱས་ཆེན་པོ་ཕྱིན་ཡོད། ཕལ་ཆེར་དུས་རབས་ ༢༠ སྨད་ཙམ་གྱི་བར་དུ་ཚན་རིག་པ་ཚོས་ཕྱི་དངོས་པོར་ཞིབ་འཇུག་བྱེད་རྒྱུ་ཁོ་ན་རེད་འདུག དུས་རབས་ ༢༠ སྨད་ནས་ཀླད་པའི་ཚན་རིག་པ་དེ་ཚོའི་གྲས་ཀྱིས་གཞི་ནས་སེམས་ཀྱི་རྣམ་གཞག་ལ་དོ་སྣང་གསར་པ་སླེབས་ནས་དུས་རབས་ ༢༡ འགོ་སྟོད་ལ་སེམས་ཀྱི་རྣམ་གཞག་ལ་དོ་སྣང་བྱེད་མཁན་ཚན་རིག་པ་ཤུགས་ཆེ་རུ་འགྲོ་བཞིན་འདུག
དུས་རབས་ ༢༡ ནང་ཚན་རིག་པའི་ནང་ནས་དོ་སྣང་བྱེད་རྒྱུ་ཏན་ཏན་ཤུགས་ཆེ་རུ་འགྲོ་གི་རེད་བསམ་གྱི་འདུག ཚན་རིག་པས་དོ་སྣང་བྱེད་པའི་ཐོག་ནས་ཆོས་ཡོད་མཁན་དང་མེད་མཁན། སྐྱེ་བ་སྔ་ཕྱིར་བསམ་བློ་གང་ཡང་མེད་མཁན་ལའང་གང་ལྟར་སེམས་ལ་ཞི་བདེ་ཡོད་ན། ཉིན་རེ་བཞིན་སེམས་སྐྱིད་པ་དང་ལུས་བདེ་བ། ཁྱིམ་ཚང་ཡིན་ནའང་འཆམ་མཐུན་ཡོད་པར་བརྟེན་སྐྱིད་པ་ཡོང་རྒྱུ། དེ་ནས་ཕར་རྒྱ་སྐྱེད་ནས་བསམ་བློ་གཏོང་སྐབས་སྤྱི་ཚོགས་ཡིན་ནའང་བདེ་ཞིང་སྐྱིད་པ་ཡོང་རྒྱུ་ཞིག་ཡིན་པ་བརྗོད་ཐུབ།
དེར་བརྟེན་ཆོས་དད་ཡོད་མེད་ལ་མ་ལྟོས་པར་གོ་ལ་སྤྱི་ཡོངས་ལ་ཁྱབ་པའི་བཟང་སྤྱོད་ཀྱི་རིན་ཐང་ Universal Value ཐོག་འགྲོ་རྒྱུ་གལ་ཆེན་པོ་རེད་འདུག དེ་ནས་ཚེ་འདིའི་མངོན་མཐོ་དོན་དང་ལྡན་པ་ཞིག་བྱོས། སྐྱེ་བ་ཕྱི་མ་ཡིན་ནའང་མངོན་མཐོ་ཐོབ་ཐུབ་པ་ཞིག་རྒྱ་གར་གྱི་ཆོས་བརྒྱུད་ནང་རྒྱུ་དང་འབྲས་བུ་ཞེས་བཤད་ཀྱི་འདུག དཔེར་ན་རྒྱུ་བཟང་པོ་བསྒྲུབས་ན་འབྲས་བུ་བཟང་པོ་ཡོང་རྒྱུ་དང་། རྒྱུ་བཟང་པོ་བསྒྲུབས་མེད་ན། སྨོན་ལམ་བརྒྱབ་པ་ཙམ་གྱིས་འབྲས་བུ་བཟང་པོ་ཡོང་གི་མ་རེད། ཅེས་ལས་དང་འབྲས་བུ་ཞེས་ Theory of Karma རྒྱ་གར་གྱི་ཆོས་བརྒྱུད་ནང་འདུག འཇིག་རྟེན་བཀོད་པ་པོ་འདོད་པ་ཡིན་ན། སྨོན་ལམ་བརྒྱབ་པ་ཙམ་གྱིས་འགྲིག་གི་རེད། འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱི་སོ་སོ་རང་གིས་ལས་བཟང་པོ་བསག་ནས་འབྲས་བུ་བཟང་པོ་ཡོང་དགོས་པ་རེད། ཅེས་ཤོད་ཀྱི་འདུག ཅེས་སོགས་ཀྱི་བཀའ་སློབ་སྩལ།