ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡༤ རེས་གཟའ་ཕུར་བུ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་ལ་༸ཞབས་སོར་ཐོག་མར་འཁོད་ནས་མི་ལོ་ ༦༠ འཁོར་བའི་དུས་དྲན་དང་བསྟུན་བོད་མིའི་སྒྲིག་འཛུགས་ནས་ཕྱི་ལོ་ ༢༠༡༨ ལོ་ནི་རྒྱ་གར་གྱིས་གཙོས་བོད་མི་གནས་ཡུལ་གཞུང་མང་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་གཏན་འཁེལ་བ་ལྟར། ཁེ་ན་ཌའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ Canada Tibet Committee དང་། ཁེ་ན་ཌའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ། བྱང་ཨ་རི་སྐུ་ཚབ་དོན་གཅོད་ཁང་བཅས་ཀྱི་གོ་སྒྲིག་དང་ཨོན་ཊེ་རིའོ་ས་གནས་བོད་རིགས་མཐུན་ཚོགས་དང་ཨོ་ཊ་ཝ་བོད་རིགས་སྤྱི་མཐུན་ཚོགས་པས་མཐུན་འགྱུར་འོག་ཕྱི་ཚེས་ ༡༢ ཉིན་ Parliament Hill ཞེས་པའི་ཚོགས་ཁང་ནང་ཁེ་ན་ཌ་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་ཡོད།
དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཁེ་ན་ཌ་དང་བོད་གཉིས་ཀྱི་འབྲེལ་ལམ་སྐོར་གསུང་དོན། ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ཁི་རི་སི་ཊི་ཡ་ཕྲི་ལེན་ཌི་ Chrystia Freeland མཆོག་གིས་རྒྱ་ནག་གཞུང་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་མི་དང་། རྒྱལ་ཚོགས་ཀྱི་ཆོས་དད་རང་དབང་སྲུང་སྐྱོབ་པའི་ཆེད་ལས་མི་སྣས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་གནས་སྟངས་རྟོག་ཞིབ་སླད་ཆོག་མཆན་སྤྲོད་དགོས་སྐོར་དང་། དེ་བཞིན་ཁེ་ན་ཌ་སྲིད་གཞུང་གིས་རྒྱ་ནག་གཞུང་ལ། རྒྱ་ནག་རང་གི་རྩ་ཁྲིམས་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཞུ་རྒྱུའི་འགན་ཁུར་དང་ལེན་གནང་ཐོག་ཆ་རྐྱེན་གང་ཡང་མེད་པའི་འོག་ནས་བཀྲ་ཤིས་དབང་ཕྱུག་ལགས་མགྱོགས་མྱུར་གློད་བཀྲོལ་གཏོང་དགོས་པའི་རེ་འདུན་གནང་ཡོད། ཅེས་སོགས་གསུངས།
སྐབས་དེར་བོད་མི་མང་སྤྱི་འཐུས་པདྨ་ཕྱག་མཛོད་ཚང་ལགས་དང་ཚེ་དབང་རིག་འཛིན་ལགས་རྣམ་གཉིས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཁེ་ན་ཌ་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་གནང་ཡོད་པ་བཅས།།