ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༢༩ རེས་གཟའ་པ་སངས།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༢༨ དང་། བོད་ཟླ་ ༥ ཚེས་ ༡༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧།༣༠ ཐོག་ཆོལ་གསུམ་ཆིག་སྒྲིལ་ཚོགས་པའི་གོ་སྒྲིག་འོག་བཞུགས་སྒར་ལྷ་རྒྱལ་རིའི་རྟེན་མཁར་མདུན་དུ་འཛམ་གླིང་སྤྱི་བསངས་ཉིན་མོ་སྲུང་བརྩིའི་མཛད་སྒོ་ཞིག་ཚོགས་གནང་སོང་།
མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གདན་ཞུས་ལྟར་ཆེད་ཕེབས་གནང་བ་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས། སྤྱི་འཐུས་ཟླ་བ་ཚེ་རིང་ལགས། ཚོགས་དྲུང་ལྷ་ཁང་ཚེ་རིང་སྟོབས་རྒྱལ་ལགས། གཞན་ཡང་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འགན་འཛིན་རྣམ་པ། ས་གནས་མི་མང་བཅས་འདུ་འཛོམས་ཀྱིས་ཐོག་མར་དགེ་འདུན་པ་ཁག་གཅིག་གིས་དབུ་མཛད་ནས་བོད་དཀར་ཕྱོགས་སྐྱོང་བའི་བོད་སྐྱོང་ལྷ་སྲུང་འཕྲིན་སྐུལ་དང་འབྲེལ་བསངས་གསོལ་གཟབ་རྒྱས་གནང་བ་དང་། དེ་རྗེས་ཆིག་སྒྲིལ་ཚོགས་པའི་དྲུང་ཆེས་དུས་ཆེན་ངོ་སྤྲོད་གསུང་བཤད་གནང་སོང་།
དེ་ནས་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཙོ་མཆོག་གིས་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། རྩ་བའི་འཛམ་གླིང་སྤྱི་བསངས་ཉིན་མོ་ཟེར་བ་དེ་གོང་དུ་ངོ་སྤྲོད་གནང་བ་བཞིན་རེད། བོད་གངས་ཅན་ལྗོངས་ལ་མཁན་སློབ་ཆོས་གསུམ་ཞལ་འཛོམས་པའི་སྐབས། བསམ་ཡས་མི་འགྱུར་ལྷུན་གྱིས་འགྲུབ་པའི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་བཞེངས་ཟིན་རྗེས། དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ་གཞི་བདག་རྣམས་ལ་གཏང་རག་གི་ཆེད་དུ་བསམ་ཡས་ཧད་པོ་རི་རྩེར་བསངས་གསོལ་ཞབས་བརྟན་གནང་བ་དང་། སློབ་དཔོན་རིན་པོ་ཆེ་མཆོག་གིས་རྒྱགས་རྔན་ལྷ་བསང་གི་བསངས་མཆོད་བརྩམས་པ་སོགས་བྱུང་རིམ་ལོ་རྒྱུས་དམིགས་བསལ་ཆགས་ཀྱི་ཡོད། དེ་རིང་ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་ལའང་ཆོལ་གསུམ་ཆིག་སྒྲིལ་ཚོགས་པས་འགན་འཁུར་ནས་འཛམ་གླིང་སྤྱི་བསངས་ཉིན་མོ་སྲུང་བརྩི་གནང་བསྡད་ཡོད་པ་དེ་ཞེ་དྲག་ཡག་པོ་རེད། དམིགས་བསལ་བསྔགས་བརྗོད་ཞུ་རྒྱུ་ཡིན།
ད་ལྟའི་དུས་ཚོད་ལའང་བལྟས་པ་ཡིན་ན། ང་ཚོ་བོད་གངས་ཅན་ལྗོངས་ལ་དགོས་དབང་གིས་གནས་བདག་དང་། གཞི་བདག་དཀར་ཕྱོགས་སྐྱོང་བ་རྣམས་ཀྱིས་བོད་ཀྱི་གནས་སྟངས་ཉག་ཕྲ་བའི་དུས་ཚོད་དེའི་ཐོག་ལ་ཏན་ཏན་གཟིགས་པ་བློ་ཉེ་པོ་ཡོད་མཁན་ཞིག་རེད་བསམ་གྱི་འདུག དེ་ཡིན་དུས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་ཡུལ་ལྷ་གཞི་བདག་དང་། བོད་ཀྱི་གནའ་རབས་ནས་འབྲེལ་བ་ཡོད་སྡོད་མཁན་གྱི་ང་ཚོའི་གཞི་བདག་དེ་ཚོར་དམིགས་བསལ་གྱི་འཕྲིན་བཅོལ་ལྗགས་རྩོམ་གནང་ཡོད། བོད་ནང་གི་གནས་སྟངས་དཀའ་ངལ་ཅན་ཉག་ཕྲག་ངང་ལྷག་ཡོད་དུས་ང་ཚོ་བཙན་བྱོལ་ནང་འཚམས་རེ་དཀར་ཕྱོགས་སྐྱོང་བའི་ཡུལ་ལྷ་གཞི་བདག་ལ་བསངས་གསོལ་གཏོང་ཐུབ་ན་ཏན་ཏན་ཕན་ཐོགས་ཀྱི་རེད་བསམ་གྱི་འདུག དེ་ཚོའི་གྲས་རྒྱུན་འཛིན་གནང་ཐུབ་དགོས་རྒྱུ་དེ་གལ་ཆེན་པོ་གཅིག་རེད་འདུག དེ་བཞིན་ང་ཚོས་གཞི་བདག་རྣམས་ལ་བསངས་གསོལ་ཕུལ་རྒྱུ་དང་། སྡོང་གྲོགས་གནང་རོགས་བྱེད་ཟེར་བའི་མཆོད་འབུལ་གནང་གི་ཡོད་རེད། དེ་ཚོའི་གྲས་གཟུགས་མེད་ཀྱི་ཐོག་ནས་སྡོང་གྲོགས་གནང་རྒྱུའི་ཡིད་ཆེས་ཞུ་ཡི་ཡོད་རེད། ཡིན་ནའང་ང་ཚོ་འགྲོ་བ་མི་ཡིན་པའི་ཆ་ནས་མིའི་སྤྱི་ཚོགས་ནང་ཞབས་ཕྱི་ཞུ་ཐུབ་དགོས་རྒྱུ་དེ་གལ་ཆེན་པོ་རེད། ད་ལྟ་གོང་དུ་གསུངས་པ་བཞིན། ང་རང་ཚོ་བོད་ཆོལ་ཁ་གསུམ་ཟེར་བ་དེ་གནའ་སྔ་མོ་ཆོས་རྒྱལ་རིམ་བྱོན་སྐབས་ལྷོ་འཛམ་གླིང་ནང་རྒྱ་བོད་ཧོར་གསུམ་ཟེར་བ་སྟོབས་དང་ནུས་པ་ཆེན་པོ་ཡོད། དེ་ནས་རིམ་པས་བོད་ཀྱི་རྒྱལ་རྒྱུད་ཉམས་ཏེ་བོད་སིལ་བུར་ཐོར་ནས་ལུང་པ་རེར་རྒྱལ་ཕྲན་རེ་ལྟ་བུ་ཆགས་ནས། ང་ཚོའི་ཆབ་སྲིད་ཀྱི་གནས་བབ་རེད། སྤྱི་ཡོངས་ཀྱི་ནུས་པ་ཉམས་ནས་ད་ལྟའི་གནས་སྟངས་དེ་འདྲ་གནས་དགོས་པ་ཆགས་ཡོད། ཡིན་ནའང་ང་ཚོས་བཟང་ཕྱོགས་ནས་རེ་བ་བརྒྱབ་ནས་བཙན་བྱོལ་ནང་གི་གནས་སྟངས་ལ་བོད་ནང་ནས་མིག་དཔེ་ལྟ་ས་ཞིག་ཡོང་ཐུབ་དགོས། འཚམ་རེ་ང་ཚོའི་སྤྱི་ཚོགས་ནང་ནང་ཁུལ་གྱི་རྩོད་གཞི་དེ་འདྲ་ཡོང་གི་ཡོད། དེ་ཚོའི་གྲས་ལ་གོ་བསྡུར་སྦྱངས་བཤད་གནང་ནས་མཐུན་པའི་ཕྱོགས་སུ་འཁྲིད་ཐུབ་དགོས།
དེ་བཞིན་བོད་པའི་གནའ་རབས་ཀྱི་ལོ་རྒྱུས་ཡིན་ནའང་འདྲ། དེང་སང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་དུས་རྒྱུན་དུ་ཕེབས་ཀྱི་ཡོད་རེད། ང་ཚོ་བོད་ཆོལ་ཁ་གསུམ་དེ་སྐྱིད་ན་མཉམ་སྐྱིད་དང་། སྡུག་ན་མཉམ་སྡུག་བྱེད་ཐུབ་དགོས་པ། དེའི་ཐོག་ནས་ཧྲ་ཐག་ཐག་གནང་ཐུབ་དགོས་པ་དེ་གལ་ཆེན་པོ་རེད་བསམ་གྱི་འདུག གཙོ་བོ་༸གོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་དང་། དེ་བཞིན་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་བཅས་ཀྱི་བཀའ་དྲིན་ལ་བརྟེན་ནས་ཆོས་བརྒྱུད་ཁག་ནང་ཁུལ་དམ་ཚིག་འོ་ཆུ་གཅིག་འདྲེས་ལྟ་བུར་ཆགས་ཡོད། བཙན་བྱོལ་ནང་གི་ཆོས་བརྒྱུད་མཐུན་ལམ་གྱི་གནས་སྟངས་དེ་བོད་ནང་ནས་མིག་དཔེ་ལྟ་ས་འདྲ་པོ་ཆགས་ཡོད། དེ་ཚོའི་གྲས་ང་ཚོ་སྟོན་པ་གཅིག་གི་རྗེས་འཇུག་ཆགས་བསྡད་ཡོད་དུས། དམ་ཚིག་འོ་ཆུ་གཅིག་འདྲེས་བྱེད་དགོས་པ་གལ་ཆེན་པོ་ཞེ་དྲག་རེད། དེ་རིང་དུས་ཚོད་ཀྱིས་རྐྱེན་པས་མང་པོ་ཞུ་གི་མིན།
མདོར་ན་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་ནས་དུས་སུ་བཀའ་སློབ་ལམ་སྟོན་གང་ཕེབས་པ་གཞིར་བཟུང་སེམས་ལ་བཅངས་ནས་ནུས་པ་མཉམ་སྤུངས་བྱེད་ཐུབ་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད་ཅེས་གོ་སྐབས་འདི་བརྒྱུད་ཞུ་རྒྱུ་ཡིན་བཅས་གསུངས་གནང་། མཐའ་མར་ཆིག་སྒྲིལ་ཚོགས་པའི་དྲུང་ཡིག་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་མཛད་སྒོ་མཇུག་སྒྲིལ་གནང་ཡོད་པ་བཅས། །