ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༦ རེས་གཟའ་ལྷག་པ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་བོད་མིའི་ཁྱད་ལས་དང་བླངས་ཞབས་ཞུ་ཚན་པ་ (tibetcorps) བརྒྱུད་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་ཏུ་དང་བླངས་ཞབས་ཞུ་སླད་བཅར་བའི་མི་གྲངས་ ༡༥ དང་མཇལ་འཕྲད་གནང་ཡོད།
སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་གསུང་དོན། རྩ་བའི་ང་ཚོ་ཆབ་སྲིད་ཀྱི་བཙན་བྱོལ་བ་ཞིག་ཆགས་ཡོད་པ་དང་། ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཡིན་པའི་ཆ་ནས་ང་རང་ཚོས་ཤུགས་ཆེ་བ་དེ་ཆབ་སྲིད་ཀྱི་ཐོག་ལ་ཕྱག་ལས་གནང་དགོས་ཀྱང། དེ་དང་མཉམ་དུ་ང་ཚོའི་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་། རིག་གཞུང་། གོམས་གཤིས་སོགས་རྒྱུན་འཛིན་གནང་དགོས་གལ་ཆེན་པོ་ཞེ་དྲག་མཐོང་གི་ཡོད། ང་རང་སྒེར་ངོས་ནས་དེ་འདྲ་དྲན་གྱི་འདུག ང་ཚོའི་སྐད་ཡིག་དང་། རིག་གཞུང་བརླག་སོང་བ་ཡིན་ན་ཕལ་ཆེར་ང་ཚོའི་འཐབ་རྩོད་དེ་མུ་མཐུད་བྱེད་ཀྱི་ ཡིན་བསམ་བསམ་གྱི་ཀུན་སློང་དེ་སྐྱེ་མི་ཐུབ་པ་གསལ་པོ་ཞིག་རེད་འདུག
སོ་སོའི་མི་རིགས་དང་། མི་རིགས་དེའི་ཁྱད་ཆོས་རྣམས་ངོས་གསལ་པོ་ཞིག་འཛིན་མ་ཐུབ་པ་ཡིན་ན། དེ་ལ་ནུས་པ་དམིགས་བསལ་ཐོན་ཐུབ་རྒྱུ་ཁག་པོ་རེད། དཔེར་ན་རྒྱ་གར་རང་བཙན་འཐབ་རྩོད་པ་གན་དྷི་ལྷ་བུར་ཆ་བཞག་ན། ཁོང་ཐོག་མར་ཨིན་ཇིའི་རྒྱལ་ཁབ་ནང་སློབ་སྦྱོང་བྱེད་སྐབས། ཁོང་གིས་ན་བཟའ་བཞེས་སྟངས་མང་ཆེ་བ་ཨིན་ཇིའི་ལུགས་སྲོལ་ལྟར་ (Suit) དང་། (Tie) སོགས་བཞེས་པ་ང་ཚོས་མཇལ་རྒྱུ་ཡོད་རེད། འོན་ཀྱང་རྗེས་ལ་ཁོང་རྒྱ་གར་འཐབ་རྩོད་ནང་དངོས་སུ་ཞུགས་པའི་སྐབས་ལ་མང་ཆེ་བ་ རྒྱ་གར་རང་གི་ཐུན་མོང་མ་ཡིན་པའི་ལུགས་སྲོལ་ལྟར་ (Dhoti) བཞེས་ནས་འཐབ་རྩོད་ནང་ཕྱག་ལས་གནང་ཡོད་རེད། དེ་གང་ཡིན་ཟེར་ན་རྒྱ་གར་མི་མང་ཆེ་བས་དེ་ལ་དོ་སྣང་སླེབས་ཐུབ་རྒྱུ་དང་། སོ་སོའི་མི་རིགས་ཀྱི་རིག་གཞུང་ཡིན་པའི་ཆ་ནས་རང་བཞིན་གྱི་ཤ་ཞེན་ཆེ་བ་སླེབས་ པ་མ་ཟད། མི་མང་ཀུན་སློང་བྱེད་ཐུབ་རྒྱུ་དང་། མི་མང་ཁྲོད་འཐབ་རྩོད་ཀྱི་ངོ་བོ་རྒྱུན་གནས་ཐུབ་རྒྱུའི་ནུས་པ་དེ་སོ་སོའི་རིག་ གཞུང་ལ་ཡོད་པ་སྟོན་གྱི་ཡོད། ཕྱོགས་གཅིག་ནས་ཤེས་ཡོན་དེ་གལ་ཆེན་པོ་ཡིན་ཡང་། ཕྱོགས་གཞན་ཞིག་ནས་སོ་སོའི་སྐད་ཡིག་དང་རིག་གཞུང། གོམས་གཤིས་དེ་ཚོ་ཤིན་ཏུ་ནས་གལ་ཆེན་པོ་རེད། དེ་བཞིན་ཨ་རིའི་ནང་ (Martin Luther King) གིས་མི་རིགས་དབྱེ་འབྱེད་མེད་པར་བཟོ་ཆེད་ཤུགས་ཆེན་པོ་བརྒྱབ་ཡོད་པ་མ་གཏོགས། ཆོས་དང་སྐད་ཡིག གོམས་གཤིས་སོགས་ཀྱི་ཐོག་དམིགས་བསལ་གྱིས་འབུར་དུ་ཐོན་མེད་དུས་འཐབ་རྩོད་ཀྱི་ ངོ་བོ་བྱེད་སྟངས་མི་འདྲ་བ་ཞིག་ཆགས་ཡོད།
ང་ཚོས་ཆབ་སྲིད་ཀྱིས་ལྟ་གྲུབ་ཐོག་ནས་བལྟས་ ཡོང་དུས། མ་རྩ་རིང་ལུགས་དང་། སྤྱི་ཚོགས་རིང་ལུགས། དེ་བཞིན་མང་གཙོའི་རིང་ལུགས་སོགས་ལ་དོ་སྣང་བྱེད་དགོས་པ་གལ་ཆེན་པོ་རེད། དུས་རབས་ ༢༠ པའི་ནང་མ་རྩ་རིང་ལུགས་དེ་དར་ཁྱབ་ཆེན་པོ་དང་ཤུགས་ཆེན་པོ་ཆགས་རྗེས། སྤྱི་ཚོགས་རིང་ལུགས་ཡོང་དགོས་པ་འདྲ་ཆགས་འདུག དཔེར་ན་ཨེ་ཤི་ཡའི་གླིང་ཕྲན་ནང་བལྟས་པ་ཡིན་ན། མང་གཙོའི་ལམ་ལུགས་དང་། དམར་ཤོག་ལམ་ལུགས། སྤྱི་ཚོགས་ལམ་ལུགས་ཐོག་ནས་འགྲོ་བཞིན་ཡོད་པ་དང་། འོན་ཀྱང་ལམ་ལུགས་དེ་རྣམས་ཨེ་ཤི་ཡའི་ཐུན་མོང་མ་ཡིན་པའི་ཆབ་སྲིད་ཀྱི་རིག་ གཞུང་ཆགས་ཀྱི་ཡོད་མ་རེད། མང་ཆེ་བ་ནུབ་ཕྱོགས་ནས་ཚུར་དར་བ་ཤ་སྟག་རེད། རྒྱ་ནག་གཞུང་གིས་ད་ལྟ་ལག་བསྟར་བྱེད་བཞིན་པའི་དམར་ཤོག་རིང་ལུགས་དེ་དང་པོ་ སྲོལ་གཏོད་མཁན་ (Karl Marx) ཆགས་ཀྱི་ཡོད། ཁོང་འཇར་མན་ནང་སྐུ་འཁྲུངས་པ་རེད། དེ་ནས་ (Lenin) གྱིས་ཨུ་རུ་སུའི་རྒྱལ་ཁབ་ནང་དབང་ཆ་གཅིག་སྡུད་བྱས་རྗེས། དམར་ཤོག་རིང་ལུགས་དར་བ་རེད། མའོ་ཀྲུ་ཞི་ལྟ་བུར་མཚོན་ན། ཁོང་ནི་ཧུའུ་ནན་ཞིང་ཆེན་གྱི་ཞིང་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས་པ་དང་། འཚར་ལོངས་བྱེད་སྐབས་ནུབ་ཕྱོགས་ཀྱི་ཚན་རྩལ་རིག་གནས་དེ་ཚོར་དབྱིངས་ཆེན་པོ་ བཞུགས་པ་དང་། སོ་སོའི་རྒྱལ་ཁབ་ནང་རྗེས་ལུས་ཀྱི་རྣམ་པ་ཤུགས་ཆེན་པོ་མཐོང་ནས་དེའི་ཐོག་ཤུགས་ བརྒྱབ་ནས་རྒྱ་ནག་ཡོངས་རྫོགས་ནང་དམར་ཤོག་གི་སྒྲིག་འཛུགས་བཙུགས་ཏེ་ཁོ་རང་རྒྱ་ ནག་དམར་ཤོག་རྒྱལ་ཁབ་ཀྱི་འགོ་འཁྲིད་དང་པོ་དེ་བྱས་པ་རེད།
དེང་སང་བཤད་སྲོལ་ལྟར་ན་མང་གཙོའི་རིང་ལུགས་དེ་མང་ཆེ་བས་གྷི་རི་སི་རྒྱལ་ཁབ་ནང་ཐོག་མར་དར་བ་རེད་ཅེས་ཟེར་གྱི་ཡོད་པ་དང་། དེ་ནས་རིམ་པས་དུས་རབས་ ༢༠ ནང་ཨ་རི་དང་། ཕ་རན་སི། ཨིན་ཇིའི་རྒྱལ་ཁབ་སོགས་ལ་མང་གཙོའི་ལམ་ལུགས་དར་བ་མ་ཟད། མང་གཙོའི་འགྲོ་སྟངས་ལའང་འགྱུར་བ་བྱུང་ཡོད། དཔེར་ན་གྲོས་ཚོགས་ལམ་ལུགས་ལྟ་བུ་ཨིན་ཇིའི་འོག་ནས་རང་བཙན་ཐོབ་པའི་རྒྱལ་ཁབ་ རྣམས་ཀྱི་འགྲོ་སྟངས་ཤིག་དང་། ཨ་རི་ལྟ་བུ་མང་གཙོའི་འགྲོ་སྟངས་གཅིག དེ་བཞིན་ཕ་རན་སི་རྒྱལ་ཁབ་ཀྱི་འགྲོ་སྟངས་ཁག་ཅིག་ཆགས་ཀྱི་ཡོད། ཡིན་ནའང་གཞི་རྩའི་མང་གཙོའི་འགྲོ་སྟངས་ནང། མི་མང་གི་ཆེད་དུ་མི་མང་གིས་འགོ་ཁྲིད་གདམ་དགོས་པ་དང་། འགོ་ཁྲིད་དེས་མི་མང་གི་ཆེད་དུ་ཕྱག་ལས་གནང་ཐུབ་དགོས་པ་གཅིག་བཤད་ཀྱི་ཡོད་རེད། གང་ལྟར་ལམ་ལུགས་གང་ཡིན་ནའི་སྐྱོན་མེད་པ་རྩ་བ་ནས་མ་རེད། མང་གཙོའི་འགྲོ་སྟངས་ཐོག་ལའང་སྐྱོན་ཡོད་པ་གསལ་པོ་རེད། མི་མང་གིས་འོས་བླུག་པ་དང་། མི་མང་གི་འགོ་ཁྲིད་གདམ་རྒྱུ་གཅིག་ཡོད་རེད་མ་གཏོགས། མང་ཆེ་བ་ཁྱིམ་རྒྱུད་རིང་ལུགས་སླེབས་བསྡད་ཡོད་པ་དེ་འདྲ་ཡོད། དཔེར་ན་ཕ་མ་རྒྱལ་ཁབ་ཀྱི་བློན་ཆེན་ཡིན་ན། བུ་ཕྲུག་བློན་ཆེན་ཆགས་རྒྱུར་ནུས་པ་ཆེ་བ་ཡོད་པ་དང་། མི་མང་དཀྱུས་མའི་ནང་དེ་འདྲ་ཆགས་རྒྱུ་ཡོད་ཀྱང་དཀའ་ལས་ཁག་པོ་ཡིན་པ་རེད། དམར་ཤོག་ཡིན་ན། དབང་ཆ་གཅིག་སྡུད་བྱེད་ཀྱི་ཡོད་ཙང་དེ་བས་ཉེན་ཁ་ཆེ་བ་ཡོད། དཔེར་ན་རྒྱ་ནག་ལྟ་བུར་ཆ་མཚོན་ན། རྒྱ་ནག་སྲིད་འཛིན་ཞི་ཅིང་ཕིན་གྱིས་ཏང་དང་དམག། དེ་བཞིན་སྲིད་གསུམ་གྱི་དབང་ཆ་རྣམས་གཅིག་སྡུད་བྱས་རྐྱེན། ཁོང་གིས་བཀའ་གང་བཏང་བ་རྣམས་མ་སྒྲུབ་ཐབས་མེད་ཆགས་ཡོད། དེ་ཚོ་ཚང་མ་ཕྱོགས་ཡོངས་ནས་ཐོག་མར་ལྟ་གྲུབ་རང་གི་ཐོག་ལ་སྐྱོན་དེ་ཙམ་མེད་པ་ ཡིན་ནའང་ལྟ་གྲུབ་དེ་འཛིན་མཁན་གྱི་གང་ཟག་གི་ཐོག་ནས་ཚད་ལྡན་ཞིག་བྱུང་མ་ཐུབ་ དུས་རྙོག་གྲ་ཆགས་ཡོང་གི་ཡོད། དེ་ལྟར་མང་གཙོའི་ལམ་ལུགས་དང་། དམར་ཤོག་ལམ་ལུགས། སྤྱི་ཚོགས་རིང་ལུགས་ཚང་མ་ནུབ་ཕྱོགས་ནས་ཚུར་ཨེ་ཤི་ཡའི་ནང་དར་བ་ཞིག་རེད།
ཨེ་ཤི་ཡའི་རང་གི་རིག་གཞུང་ཐོག་ནས་ཡོང་མི་ཐུབ་པ་མ་རེད། བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པའི་གསུངས་པའི་ཆོས་ནང། འཇིག་རྟེན་སྐྱོང་སྟངས་དང་། ཆོས་བྱེད་སྟངས། ཆོས་ཀྱི་བསམ་བློ་གཏོང་སྟངས། དེ་ཚོ་བལྟས་པ་ཡིན་ན་མང་གཙོའི་བསམ་བློ་དེ་ཚོ་ཆུང་ཆུང་རེད། དཔེར་ན་བདག་གཞན་མཉམ་པ། བདག་གཞན་བརྗེ་བ་དང་། དང་པོ་སོ་སོར་མི་གཞན་འདྲ་མཉམ་ལྟ་དགོས་པ་དང་། རིམ་པས་སོ་སོ་ལས་མི་གཞན་གལ་ཆེ་བ་རྩི་དགོས་པ་ཟེར་བ་དེ་འདྲ་ཡོད། མང་གཙོའི་ནང་མི་མང་གལ་ཆེ་བ་བརྩི་དགོས་པ་དང་། མང་བའི་བསམ་བློ་གལ་ཆེ་བ་རྩི་དགོས་པ་ཞིག་རེད། ནང་ཆོས་ནང་སངས་རྒྱས་ཀྱིས། བདག་ལས་གཞན་གཅེས་པ། བདག་གཞན་མཉམ་པ་སོགས་གསུངས་ཡོད་དུས། བྱས་ཙང་དེ་ཚོའི་གྲས་མང་གཙོའི་ལྟ་གྲུབ་ལས་ལྷག་པ་ཡོད་ཀྱང། ཆབ་སྲིད་དང་འཇིག་རྟེན་ནང་འཁྲིད་ཐུབ་མེད་དུས་ཆོས་ཟེར་བ་ཁག་ཁག་ལྟ་བུ་ཞིག་ཆགས་ ཡོང་དུས། ཆབ་སྲིད་ནང་ལག་ལེན་བསྟར་ཐུབ་མེད། ཆོས་ཟེར་དུས་གྲྭ་བཙུན་རྣམས་ཀྱིས་གཅིག་པུས་བྱེད་དགོས་པ་ལྟ་བུ་བསམ་རྒྱུ་མེད་ པར་ཚང་མས་བྱེད་དགོས་པ་ཞིག་ཡིན། དེ་བཞིན་ནང་ཆོས་ནང་མང་གཙོའི་རྣམ་པ་ལྟ་བུ་ཡོད་རེད། དཔེར་ན་རབ་བྱུང་གིས་ཆོས་ཕྱོགས་ཀྱི་ཕྱག་ལས་གནང་དགོས་དུས། དགེ་འདུན་པ་བཞི་ཡོད་ན་མ་གཏོགས་ཆོས་ཕྱོགས་ཀྱི་ཕྱག་ལས་གནང་ཆོག་གི་མེད། ཕྱག་ལས་གནང་ན་དེ་ལས་ཆགས་ཀྱི་མེད།
ནུབ་ཕྱོགས་ལྟ་བུར་མཚོན་ན་མང་ཆེ་བ་གཅིག་ཡི་ཤུའི་ཆོས་ཆགས་ཀྱི་ཡོད། རྣམ་པ་ཚོས་དོ་སྣང་བྱས་པ་ཡིན་ན། ཨ་རིའི་གྲོས་ཚོགས་ནང་གི་ཚོགས་གཙོའི་རྒྱབ་ལོགས་དེ་ལ་ལྷ་ལ་ཡིད་ཆེས་ཡོད་ཅེས་བྲིས་ཡོད། དེ་བཞིན་ (Dollar) སྟེང་ང་ཚོས་ལྷ་ལ་ཡིད་ཆེས་ཡོད་ཅེས་བྲིས་ཡོད་རེད། ཁོང་ཚོས་ཆོས་དང་ཆབ་སྲིད་གཉིས་མཐུན་པའི་ཐོག་ནས་སྤྱི་ཚོགས་སྐྱོང་ཡོང་དུས་ཚད་ལྡན་ཞིག་འགྲོ་ཐུབ་ཀྱི་ཡོད་རེད། ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་ཆ་བཞག་ན། ཝི་ཏི་ནམ་ལྟ་བུ་ཆོས་ཕྱོགས་ཐོག་ནས་ནང་པའི་རྒྱལ་ཁབ་རེད། ཆབ་སྲིད་དེ་དམར་ཤོག་ཚོགས་པས་སྐྱོང་བསྡད་ཡོད་རེད། དེ་བཞིན་རྒྱ་ནག་རྒྱལ་ཁབ་ནི་ལོ་རྒྱུས་ཐོག་ནས་ནང་པ་རེད། ད་ལྟའི་ཆབ་སྲིད་ཀྱི་དབང་ཆ་དམར་ཤོག་གཞུང་གིས་འཛིན་བསྡད་ཡོད། ཨེ་ཤི་ཡའི་ནང་མང་ཆེ་བ་ཆོས་དང་ཆབ་སྲིད་ཀྱི་འགྲོ་སྟངས་དེ་འགལ་ཟླ་ཆགས་པའི་རྐྱེན་གྱིས་སྤྱི་ཚོགས་ནང་ཡང་ཡང་བརྡབ་གསིག་ཡོང་བ་དང་། འགོ་ཁྲིད་ཀྱི་བསམ་བློ་དེ་ཆོས་ཕྱོགས་དང་སྤྱི་ཚོགས་གཉིས་ཀའི་ངོ་བོར་སླེབས་མ་ཐུབ་པར་ཁ་ཁ་ལྷག་སྟེ་དབང་ཆ་ཁོ་ནའི་རང་ལ་ལྷག་བསྡད་ཀྱི་ཡོད། བྱས་ཙང་རྣམ་པ་ཚོས་མ་འོངས་པ་རྒྱུ་མཚན་དང་དཔྱད་པ་བྱེད་རྒྱུའི་བསམ་བློ་གཏོང་དགོས་རྒྱུ་གལ་ཆེན་པོ་རེད་ཅེས་ཞུ་འདོད་བྱུང་།
བོད་ས་མ་ཤོར་བའི་སྔོན་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་སྲིད་གཉིས་ཀྱིས་ཐུགས་འགན་བཞེས་ཀྱི་ཡོད་ཀྱང། དཔོན་རིགས་རྣམས་སྐུ་དྲག་གི་ཁྱིམ་རྒྱུད་རིང་ལུགས་ཐོག་ནས་ཡོང་གི་ཡོད། ང་ཚོའི་མང་གཙོའི་འགྲོ་སྟངས་དེ་ནུབ་ཕྱོགས་རྒྱལ་ཁབ་ནང་བཞིན། མང་གཙོ་རྩོད་ལེན་བྱས་ནས་མི་མང་གིས་སྲོག་བློས་མང་པོ་བཏང་ནས་བྱུང་བ་ཞིག་མ་ ཡིན་པར། གཙོ་བོ་༸གོང་ས་མཆོག་གིས་དགོངས་པ་རྒྱ་ཆེ་བཞེས་ནས་མར་མི་མང་ལ་གསོལ་སྩལ་གནང་བ་ གང་ལྟར་ཐུན་མོང་མ་ཡིན་པའི་མང་གཙོ་བྱུང་སྟངས་ཤིག་ཆགས་ཀྱི་ཡོད། དེ་ཡང་༸གོང་ས་མཆོག་གིས་དགོངས་པ་བཞེས་སྟངས་དང་དེའི་ཐོག་ནས་མང་གཙོའི་ལམ་ལུགས་ ལ་ཕྱག་ལེན་གནང་སྟངས་དེ་གང་འདྲ་བྱུང་རེད་ཟེར་ན། ཕྱི་ལོ་ ༡༩༥༤ ལོར་༸གོང་ས་མཆོག་རྒྱ་ནག་ནང་ཕེབས་ནས་མའོ་གཙོས་པའི་རྒྱ་ནག་གི་འགོ་ཁྲིད་མང་པོ་ མཇལ་འཕྲད་གནང་བ་དང་། ཕྱིས་སུ་ཕྱི་ལོ་ ༡༩༥༦ ལོར་སྟོན་པ་མྱ་ངན་ལས་འདས་ནས་ལོ་ངོ་ ༢༥༠༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་སྐབས་རྒྱ་གར་ལ་གདན་འདྲེན་ཞུས་པ་བཞིན་ཕེབས་ སྐབས། རྒྱ་གར་གྱི་སྲིད་བློན་ནེ་རུ་མཆོག་གིས་གཙོས་དཔོན་རིགས་གཞན་རྣམས་མཇལ་འཕྲད་ གནང་བ་དང་། དེ་བཞིན་རྒྱ་གར་གྲོས་ཚོགས་ནང་ཆིབས་སྒྱུར་གནང་སྐབས། གྲོས་ཚོགས་ནང་རྒྱ་གར་གྱི་སྲིད་བློན་ནེ་རུ་མཆོག་ལ་གྲོས་ཚོགས་འཐུས་མི་གཞན་ རྣམས་ཀྱིས་ཐད་ཀར་དྲི་བ་དྲིས་ཆོག་པ་དང་། སྐྱོན་བརྗོད་བྱེད་ཆོག་པ་སོགས་གུ་ཡངས་པོ་ཞིག་ཡོད་པ་གཟིགས་རྗེས། ༸གོང་ས་མཆོག་གིས་བོད་ཀྱི་ཆབ་སྲིད་ཀྱི་འགྲོ་སྟངས་ཐོག་ནས་མང་གཙོའི་ལམ་ལུགས་ དེ་ཡག་ཤོས་ཤིག་ལ་གཟིགས་པ་དང་། བོད་ལ་ཕྱིར་ཕེབས་རྗེས། བོད་ཀྱི་ཆབ་སྲིད་ཀྱི་འགྲོ་སྟངས་ཐོག་བསྒྱུར་བཅོས་བྱེད་རྒྱུའི་དགོངས་པ་བཞེས་པ་མ་ཟད། ལེགས་བཅོས་ཚོགས་ཆུང་ཞིག་ཀྱང་བཙུགས་ཡོད། འོན་ཀྱང་རྒྱ་ནག་དམར་པོའི་གཞུང་གི་ ༡༩༥༩ ལོར་བོད་ས་ཁྱོན་ཡོངས་ལ་དྲག་གནོན་བྱས་རྐྱེན། ཇི་བཞིན་ལག་ལེན་བསྟར་མི་ཐུབ་ཙང་བཙན་བྱོལ་ནང་མི་འགྲོ་ཐབས་མེད་ཆགས་ཡོད། ༸གོང་ས་མཆོག་དང་ལྷན་བོད་མི་ཁྲི་ཚོ་བརྒྱད་ཙམ་ཐོག་མར་རྒྱ་གར་དུ་བཙན་བྱོལ་ ཕེབས་ཡོད། ཐོག་མར་ཕྱི་ལོ་ ༡༩༦༠ ལོའི་ནང་གནས་མཆོག་རྡོ་རྗེ་གདན་དུ་ཆོས་ལུགས་ཆོལ་གསུམ་དང་བཅས་པས་བླང་དོར་ཞུ་བྱའི་མནའ་གན་མཐུ་མོ་ཆེ་བཞག་འབུལ་ཞུས་རྗེས། ༸གོང་ས་མཆོག་གིས་སྔ་འཕྲོས་ཆོས་བརྒྱུད་ཆེན་པོ་བཞི་ནས་འཐུས་མི་རེ་རེ་དང་། ཆོལ་ཁ་གསུམ་ནས་འཐུས་མི་གསུམ་རེའི་གདམ་དགོས་པའི་བཀའ་ཕེབས་པ་བཞིན། ལོ་དེའི་ཟླ་ ༩ ཚེས་ ༢ ཉིན་བོད་མི་མང་སྤྱི་འཐུས་སྐབས་དང་པོས་དམ་འབུལ་ཞུས་གནང་ཡོད་པ་དང་། དུས་ཚིགས་ཁྱད་པར་ཅན་དེར་ལོ་ལྟར་ང་ཚོས་བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་པའི་དུས་ཆེན་སྲུང་བརྩི་བྱེད་བཞིན་ཡོད། ཅེས་གསུངས་པ་དང་། དེ་བཞིན་སྤྱི་འཐུས་སྐབས་སོ་སོར་སྤྱི་འཐུས་ཀྱི་གྲུབ་ཆ་དང་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་ཐོག་འགྱུར་བ་གང་ཕྱིན་པ། གྲོས་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་སོགས་ཀྱི་ཐོག་གསུང་བཤད་ཟབ་རྒྱས་གནང་ ཡོད་པ་མ་ཟད། ཚོགས་བཅར་བ་རྣམ་པའི་དྲི་བ་རྣམས་ལ་ལན་འདེབས་གསལ་བཤད་གནང་ཡོད། དེ་རྗེས་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་བསྐོར་ཕེབས་གནང་ཡོད་པ་བཅས། །