ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༥ རེས་གཟའ་མིག་དམར།
༄༅། །འདི་གར་ཐེ་ཝན་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༣ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་དང་སྦྲགས། བཀའ་ཤག་གི་བཀའ་འབྲེལ་ལྟར་ཕྱི་ལོ་ ༢༠༡༨ ལོ་འདི་བཞིན་བོད་མི་བཙན་བྱོལ་བ་རྣམས་ནས་གནས་ཡུལ་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་ཞུ་རྒྱུའི་ལས་རིམ། ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དབུ་བརྙེས་ཏེ་ལོ་ངོ་ ༢༠ འཁོར་བའི་དུས་དྲན་དང་བསྟུན། བོད་ཀྱི་ཟློས་གར་ཚོགས་པ་མགྲོན་འབོད་གནང་སྟེ། བོད་ཀྱི་རིག་གཞུང་འཁྲབ་སྟོན་སོགས་གོ་སྒྲིག་ཞུ་བའི་ལས་རིམ་ཁྱབ་བསྒྲགས་རྒྱ་ཆེ་ཞུ་བཞིན་ཡོད།
དེ་ཡང་ཐེ་ཝན་དགའ་ལྡན་ཤར་རྩེ་ནང་ཆོས་སློབ་གཉེར་ཁང་གིས་ལོ་ལྟར་༸གོང་ས་མཆོག་གི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུ་བའི་ ༼སྤྱན་རས་གཟིགས་ཀྱི་ཞི་བདེའི་མཚན་ཚོགས་ཐེངས་བཅུ་པ།༽ ཞེས་པའི་ཁྱབ་བསྒྲགས་གྲངས་ ༤༣ སྤྱི་སྤྱོད་སྣུམ་འཁོར་གྱི་བབ་ཚུགས་འདྲ་མིན་གྱི་གྱང་སྦྱར་ཐོག་སྦྱར་ཡོད་པ་དང་། དེ་མིན་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་ ༼ཐེ་ཝན་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་དང་། བོད་ཀྱི་ཟློས་གར་འཁྲབ་སྟོན།༽ ཞེས་པའི་ཁྱབ་བསྒྲགས་གྲངས་ ༢༠ སྤྱི་སྤྱོད་སྣུམ་འཁོར་གྱི་བབ་ཚུགས་དང་། དེ་བཞིན་སྤྱི་སྤྱོད་སྣུམ་འཁོར་ཆེ་བ་གྲངས་ ༢༥ ཐོག་ཁྱབ་བསྒྲགས་སྦྱར་ཡོད།
གོང་གསལ་ཁྱབ་བསྒྲགས་ཁག་ཕྱི་ཟླ་ ༥ ཚེས་ ༣༡ ནས་ཕྱི་ཟླ་ ༧ ཚེས་ ༡༠ བར་གནས་རྒྱུ་ཡིན་པ་དང་། འགྲོ་གྲོན་ཡོངས་རྫོགས་ཐེ་ཝན་དགའ་ལྡན་ཤར་རྩེ་ནང་ཆོས་སློབ་གཉེར་ཁང་གིས་མཐུན་འགྱུར་རྒྱབ་སྐྱོར་གནངཡོད་པ་བཅས། །