༢༠༡༨ ཟླ་ ༦ ཚེས་ ༦ རེས་གཟའ་ལྷག་པ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུ་ཁྲིད་པའི་སྐབས་བཅོ་ལྔ་པའི་བཀའ་ཤག་གིས་ལས་ཁུར་ཞུས་ནས་ད་ཆ་ལོ་གཉིས་ཧྲིལ་པོ་འཁོར་བར་བརྟེན། ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ལ་ཆོས་རིག་ལས་ཁུངས་ཀྱིས་ལོ་གཉིས་ནང་ལས་དོན་གང་ཅིར་དམིགས་ཡུལ་དང་གྲུབ་འབྲས། མ་འོངས་འཆར་སྣང་དང་གདོང་ལེན་གནང་དགོས་པའི་གནད་དོན་སོགས་དང་འབྲེལ་ནས་འདི་ག་བོད་ཀྱི་བརྙན་འཕྲིན་ཚན་པའི་གསར་འགོད་པ་པདྨ་ཚེ་རིང་ལགས་ཀྱིས་བཅར་འདྲི་ཞུས་པ་ཁག་གཤམ་གསལ།
དྲི་བ། འདས་པའི་ལོ་གཉིས་ནང་ཆོས་རིག་ལས་ཁུངས་ཀྱིས་ལས་དོན་གཙོ་བོ་གང་སྒྲུབ་ཡོད་དམ།
བཀའ་བློན་མཆོག་གིས། གལ་ཆེ་ཁག་འགའ་ཤས་ཞུ་ན། ཕྱི་ཟླ་ ༦ ཚེས་ ༡ ལ་ང་ཚོས་དམ་འབུལ་བྱས་པ་རེད། ད་ཆ་ལོ་གཉིས་ཏག་ཏག་འཁོར་བཞིན་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་ཆོས་བརྒྱུད་ཆེན་པོ་བཞི་དང་། གཡུང་དྲུང་བོན་བཅས་པའི་བླ་ཆེན་དབུ་ཁྲིད་རྣམ་པར་འཚམས་ཞུའི་མཇལ་ཁ་ཞུས་པ་དང་། མཇལ་ཁའི་སྐབས་ད་ལྟའི་གནས་སྟངས་གང་ས་ཅི་ཐད་ནས་སྙན་སྒྲོན་ཞུས་པ་དང་། དེའི་ཐོག་མར་བཀའ་སློབ་ལམ་སྟོན་ཞུས་པ་ཡིན། དེ་དག་སྔོན་མ་ནས་གལ་ཆེན་པོར་རྩི་བཞིན་པ་ལྟར་ལག་བསྟར་ཐུབ་པ་བྱུང་། དེ་མཚུངས་ཆོས་རིག་ལས་ཁུངས་ནས་སྐབས་བབ་བཙན་བྱོལ་དུ་ཡོད་པའི་དགོན་སྡེ་ཆེ་ཆུང་ཁག་ལ་ལྟ་སྐྱོང་བྱ་རྒྱུ་རེད།
དུས་རྟག་ཏུ་དགོན་སྡེ་ཁག་སོགས་ནས་ཡར་ཆོས་རིག་ལས་ཁུངས་སུ་ལས་བསྡོམས་འབྱོར་བ་ལྟ་བུ་ཞིག་ལ་ཆ་བཞག་ནས་ཕྱིན་པ་ཡིན་ན་དཀའ་ངལ་འཕྲད་བཞིན་ཡོད་སྟབས། དངོས་ཡོད་གནས་སྟངས་གང་ཡིན་པ་དེ་དག་མིག་མཐོང་ལག་ཟིན་དགོས་རྒྱུ་གལ་ཆེ་ཡིན་པར་བརྩིས་ནས་དགོན་སྡེ་ཁག་ཚང་མ་ལ་འཚམས་འདྲི་ལྟ་སྐོར་འགྲོ་རྒྱུ་དེ་སྔ་སང་སང་ནས་འགོ་བཙུགས་ཏེ་བརྒྱ་ཆ་བརྒྱད་ཅུ་དགུ་བཅུ་ཚར་ཡོད། ལྷག་འཕྲོས་དེ་དག་མགྱོགས་མྱུར་བྱེད་འཆར་ཡོད།
དགོན་སྡེ་ཆེ་ཁག་སོགས་ལ་འཚམས་འདྲི་ལྟ་སྐོར་བྱས་ནས་གནས་སྟངས་རྟོག་ཞིབ་དང་། འབྲེལ་ཡོད་དང་ཐུག་འཕྲད་བྱེད་རྒྱུ། མཁན་པོ་ལ་སོགས་པ་མཇལ་འཕྲད་ཞུ་རྒྱུའི་འཚམས་འདྲི་ལྟ་སྐོར་བྱས་པ་དེས་ང་ཚོ་ཆོས་དོན་ལས་ཁུངས་ཀྱི་ལས་དོན་ཐོག་ལ་ཕན་ཐོགས་ཆེན་པོ་བྱུང་སོང་། དེ་གལ་ཆེན་པོ་མཐོང་གི་འདུག དེ་ནས་ལས་གཞི་རང་གི་ཐོག་ནས་གལ་ཆེ་བ་གཅིག་ནི། ན་ནིང་ལོ་མགོར་དུས་འཁོར་དབང་ཆེན་ཐེངས་སུམ་ཅུ་སོ་བཞི་པ་དེ་བོད་མིའི་སྒྲིག་འཛུགས་རང་གིས་འགན་ཁུར་གནང་ཡོད་ཅིང་། གཙོ་འགན་དེ་ཆོས་རིག་ལས་ཁུངས་ཀྱིས་བཞེས་པ་རེད། དེ་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་བྱུང་ཡོད། བློ་ཡིད་ཚིམ་པ་ཞིག་ཀྱང་བྱུང་། རྐང་ཆོས་རིག་ལས་ཁུངས་གཅིག་པོ་མིན། ཚང་མར་ལས་བགོས་བརྒྱབ་ཡོད། ཚང་མས་ཕྱར་གྲུ་མཉམ་འདེགས་བྱས་པ་རེད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་མང་པོའི་སྔོན་ནས་བཙུན་མ་དེ་དག་གྲྭ་པ་དང་འདྲ་མཚུངས་གཞུང་ཆེན་སློབ་གཉེར་བྱེད་དགོས་པའི་བཀའ་སློབ་ཕེབས་ཡོད། སློབ་གཉེར་དེ་དག་གཞི་ཚུགས་ནས་གང་ཙམ་བསླེབ་ཡོང་སྐབས་སློབ་གཉེར་བྱས་པ་ཙམ་མིན་པར་གྲྭ་པ་ནང་བཞིན་དགེ་བཤེས་གཏོང་ཐུབ་པ་དེ་འདྲ་བཟོ་དགོས་པའི་བཀའ་སློབ་རིམ་པ་ཕེབས་ཡོད། དེ་ཚོའི་ཐོག་ལ་ཆོས་རིག་ལས་ཁུངས་དང་ཆོས་རིག་བཀའ་བློན་སྔ་རྗེས་ཀྱིས་ཐུགས་ཁུར་བཞེས་ནས་ལས་འགུལ་སྤེལ་ཡོད། སྟབས་འཁེལ་བ་ཞིག་ལ་ང་རང་བསླེབས་ཚར་ཙམ་སྐབས་ལ་དགེ་བཤེས་མ་སྐབས་དང་པོ་དེ་ཐོན་པ་རེད། དགེ་བཤེས་མ་ ༢༠ ཐོན་ཐུབ་པ་བྱུང་ཡོད། ཁོ་ཚོའི་ཕྱག་འཁྱེར་དེའང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་སྩལ་མཛད་པ་དང་། མཛད་སྒོའི་གཙོ་སྐྱོང་ཡང་མཛད་ཡོད། དེ་ཡང་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་བྱུང་སོང་།
དྲི་བ། ཆོས་རིག་ལས་ཁུངས་ནི་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་གཙོ་ཆེ་བ་བདུན་གྱི་ནང་ནས་ཚུགས་སྔ་ཤོས་ཡིན། ལས་ཁུངས་འདིའི་འོག་རྒྱ་བལ་འབྲུག་གསུམ་གྱི་ཆོས་སྡེ་ཁག་མང་པོ་ཞིག་ཡོད་སྟབས། བཀའ་བློན་མཆོག་གིས་གསུང་པ་བཞིན་ཆོས་སྡེ་མང་པོ་ཞིག་ལ་གཟིགས་སྐོར་ཕེབས་གནང་འདུག ད་ལྟའི་ཆར་ཆོས་སྒར་དེ་དག་གི་གནས་སྟངས་ག་འདྲ་ཆགས་ཡོད་དམ།
བཀའ་བློན་མཆོག་གིས། ངས་བཅོས་མིན་མཐོང་ཚུལ་རང་ཞུ་རྒྱུ་ཡིན། འཚམས་འདྲི་ལྟ་སྐོར་བྱས་པའི་མཐོང་ཚུལ་ཡང་ཡིན། ནམ་རྒྱུན་ཚོད་དཔག་བྱས་པ་དང་ད་རེས་དངོས་སུ་ལྟ་སྐོར་ཕྱིན་པའི་སྐབས་གནས་ཚུལ་འགའ་ཤས་ཧ་ཅང་གསལ་པོར་རྟོགས་ནས་དེ་དང་འབྲེལ་བའི་ཐོག་ནས་ང་ཚོ་ཚང་མས་ཐུགས་སྣང་དགོས་པའི་གནས་ཚུལ་འགའ་ཤས་མཐོང་བྱུང་།
ད་ལྟ་བར་དུ་རིས་སུ་མ་ཆད་པའི་ཆོས་སྡེ་ཆེ་ཁག་དང་། ལྷག་པར་བཤད་གྲྭ་ཡོད་མཁན་གྱི་གདན་ས་ལྟ་བུའི་ཆོས་སྡེ་ཆེ་ཁག་ཚང་མས་ང་ཚོ་བཙན་བྱོལ་དུ་འབྱོར་ནས་ལོ་དྲུག་ཅུ་འཁོར་བཞིན་ཡོད། བཙན་བྱོལ་ལ་ཡོང་དགོས་པའི་དགོས་པ་དང་དམིགས་ཡུལ་གཙོ་བོ་གཅིག་ནི། ང་ཚོའི་རྩ་ཆེ་བའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་བྱེད་རྒྱུ། ཆོས་དང་རིག་གཞུང་ཟེར་ན་ད་ལྟ་ང་ཚོ་ནང་པ་སངས་རྒྱས་པའི་ཆོས་ལ་བརྟེན་པའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་མི་ཉམས་རྒྱུན་འཛིན་བྱེད་རྒྱུ་དང་། དེ་བཞིན་གཡུང་དྲུང་བོན་དང་བཅས་པ། དེ་དག་དངོས་གནས་ཧ་ལས་པའི་གྲུབ་འབྲས་ཡག་པོ་སྨིན་ཡོད། དམིགས་ཡུལ་ཡག་པོ་བསྒྲུབས་ཡོད། ད་ལྟ་ཡིན་ནའང་ཚ་ཚ་འུར་འུར་དང་ཧྲ་ཏག་ཏག་གནས་ཡོད།
བསྟན་པ་སྤྱི་ལ་ཕན་པ་དང་། ༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་ཞིག་ཆོས་བརྒྱུད་གང་དུ་ཕྱིན་ནའང་མཇལ་རྒྱུ་འདུག དེ་ང་ཚོ་ཚང་མས་མཁྱེན་དགོས་པ་ཞིག་དང་རྗེས་སུ་ཡི་རངས་བྱེད་དགོས་པའི་གནས་སྟངས་ཡིན། དེ་དག་ཡར་རྒྱས་འགྲོ་བ་དང་ཆབས་ཅིག་ཕྱིའི་མཐུན་རྐྱེན་དེ་དག་ཧ་ཅང་ཡར་རྒྱས་ཕྱིན་འདུག བར་ལམ་ཞིག་ནས་གྲྭ་རྒྱུན་མྱུར་ཚད་ཆེན་པོ་ཐོག་ནས་ཉུང་དུ་ཕྱིན་པ་དེ་དགོན་པ་ཆེ་ཆུང་ཚང་མར་དངོས་གསལ་དོད་པོ་འདུག
ཕྱིའི་མཐུན་རྐྱེན་ཧ་ཅང་ཡག་པོ་ཡོད་པ་དང་། ལོ་དྲུག་ཅུ་ཙམ་ལ་དཀའ་ལས་བརྒྱབ་ནས་མི་ཉམས་རྒྱུན་འཛིན་བྱེད་སྐབས་རྒྱུན་འཛིན་བྱེད་མཁན་ཀྱི་གྲྭ་རྒྱུན་ཆད་འགྲོ་དུས། ད་གང་བྱེད་དགོས་ན་བསམ་པའི་དངངས་སྐྲག་ཡོང་གི་འདུག དེ་འདྲ་ཡིན་དུས་ང་ཚོས་དུས་ཚོད་དང་བསྟུན་ནས་སུ་དང་སུ་ཐུག་པ་ཡིན་ནའང་། བོད་མིའི་སྒྲིག་འཛུགས་དང་ཆོས་རིག་ལས་ཁུངས་ཀྱིས་ལམ་སྟོན་འདི་འདྲ་ཞུ་བཞིན་ཡོད། དངོས་ཡོད་གནས་ཚུལ་ཞིག་མངོན་དུ་འགྱུར་ཡོང་དུས། དེར་མི་དགའ་བ་བྱས་པ་དང་དངངས་སྐྲག་བྱས་ན་ཕན་ཐོགས་མེད། དངོས་ཡོད་གནས་ཚུལ་དེར་གཞིགས་པའི་ང་ཚོས་དོན་དག་མ་བརླག་པ་ཞིག་གང་འདྲ་བྱེད་དགོས་འདུག དེར་རིག་པ་སྒྲིམ་དགོས། སྔ་མོ་ཡིན་ན་དགེ་འདུན་གྱི་ཞལ་གྲངས་ལ་འདམ་ཀ་ཡོད། ད་ཆ་གྲྭ་རྒྱུན་ཉུང་དུ་འགྲོ་སྐབས་གྲངས་ཀར་འདམ་ཀ་མེད། གྲངས་ཀ་ཇི་ཙམ་ཡོད་པ་དེ་དག་ལ་རྩ་ཆེན་པོར་རྩི་དགོས། སློབ་གཉེར་ལ་མཚོན་ནའང་སྔ་མོ་གྲྭ་རྒྱུན་མང་པོ་ཡོད་སྐབས་སོ་སོས་འདམ་ཀ་ཡིན་པ་ལྟ་བུས་འགའ་ཤས་སློབ་གཉེར་མ་བྱས་ནའང་ཆོག་པ་ལྟ་བུ་དགོན་པའི་ལས་དོན་ཙག་ཙིག་རིགས་བྱས་ནས་འགྲོ་རྒྱུ་ཞིག་ཡོད།
ད་ཆ་དེ་ལྟར་མིན་པར་རབ་བྱུང་ན་གྲྭ་རྒྱུན་གསར་པ་ག་འདྲ་ཞིག་ཡིན་ནའང་བརྒྱ་ཆ་བརྒྱ་སློབ་གཉེར་བྱེད་དགོས་པ་དང་། གལ་ཏེ་དེ་ལྟར་མ་བྱུང་བ་ཡིན་ནའང་། བརྒྱ་ཆ་ ༨༠།༩༠ ཞིག་གིས་སློབ་གཉེར་བྱེད་ཐུབ་པ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དགོན་པ་ཚོས་དེ་འདྲ་ཐུགས་འགན་བཞེས་དགོས་རྒྱུ་གལ་ཆེན་པོ་རེད། དེ་ཙམ་མིན་པར་སློབ་གཉེར་གྱི་མཐུན་རྐྱེན་བཟང་དུ་གཏོང་དགོས། འཚོ་བ་དང་འཕྲོད་བསྟེན་གྱི་གནས་སྟངས་དང་། དགེ་རྒན་གྱི་གནས་སྟངས། སློབ་ཁྲིད་བྱེད་སྟངས། དེ་དག་སློབ་མའི་ཁམས་དང་མཐུན་པ་དང་། དེང་དུས་དང་མཐུན་པ་ཞིག་དགོས་ཀྱི་ཡོད་སྟབས དེ་ཚོའི་ཐོག་ལ་ག་ཚོད་ཐུབ་ཐུབ་ཀྱིས་གསར་བརྗེ་ནང་བཞིན་བྱེད་དགོས།
དེང་རབས་དང་མཐུན་པའི་སློབ་སྦྱོང་སྤྲོད་སྟངས་དེ་འདྲ་བྱས་པ་ཡིན་ན། མི་རབས་གཅིག་གཉིས་སྐབས་ལ་བཙན་བྱོལ་དུ་གྲྭ་རྒྱུན་ཉུང་ཉུང་ཆགས་པ་ཡིན་ནའང་། དོན་དག་སྙིང་པོ་དེ་རྦད་དེ་མ་ཉམས་པར་སྤུས་དག་པོའི་ཐོག་ནས་ཉར་བ་བརྒྱུད་མི་ཐོག་རྗེས་མར་རྩིས་སྤྲོད་བྱ་རྒྱུ་ཞིག་ཏན་ཏན་ཡོང་ཐུབ་ཀྱི་རེད། འདི་འདྲ་བྱུང་བ་ཡིན་ན་ང་རང་ཚོའི་མི་ཐོག་འདིའི་སྐབས་ཀྱི་ལས་འགན་དེ་གཙང་མ་བསྒྲུབས་པ་རེད། གནས་སྟངས་འདིའི་ཐད་ལ་དངོས་གནས་དགོན་པ་དང་། མི་དམངས། ཆོས་རིག་ལས་ཁུངས། ཚང་མས་ཐུགས་ཁུར་བཞེས་དགོས་པ་ཆགས་འདུག གྲྭ་རྒྱུན་སྤྱི་དང་དེའི་ནང་ནས་བོད་རིགས་ཧ་ལས་པ་ཉུང་ཉུང་ཆགས་འདུག
སྤྱིར་བོད་ཀྱི་ཆོས་དང་རིག་གཞུང་རྩ་ཆེན་པོ་འདི་ཡག་པོ་ཞིག་ལ་རྩིས་སྤྲོད་རྒྱུ་བྱུང་ན་མི་རིགས་ལ་ཁྱད་པར་དེ་ཙམ་མེད། གཙོ་བོ་སྤྱི་ནོར་༸གོང་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་རིམ་པར་སྩལ་བའི་ཐུགས་རྗེའི་བཀའ་དྲིན་དང་། སློབ་གཉེར་གནང་སྟངས་དེ་དག་ལ་གང་ལ་གང་འཚམ་འགྱུར་བཅོས་དང་ཡར་རྒྱས་འགྲོ་བ་མངོན་གསལ་དོོད་པོའི་གནས་སྟངས་ཆགས་འདུག བོད་པའི་སྐད་ཡིག་ལ་དང་འདོད་བྱས་ནས་སྔ་མོ་ནས་སློབ་བཞིན་ཡོད། ད་དུང་གལ་ཆེར་བརྩིས་ནས་བོད་སྐད་སློབ་རྒྱུར་ཤུགས་རྒྱག་དགོས་པ། དེ་བཞིན་ནང་དོན་རིག་པ་དང་། དཔལ་ནཱ་ལེནྡྲའི་ལྟ་གྲུབ་སྐོར་བཀའ་སློབ་སྩོལ་བཞིན་པ་དེ་དག་རྒྱུ་མཚན་རིག་པ་དང་འབྲེལ་བ་ཆེན་པོ་ཡོད་པ་མ་ཟད། ཚན་རིག་དང་འབྲེལ་བ་ཆེན་པོ་ཡོད་སྟབས། དེང་སྐབས་ནུབ་ཕྱོགས་ཚན་རིག་པའི་གནས་སྟངས་ཤེས་དགོས་རྒྱུ་གལ་ཆེན་པོ་ཡིན་པར་བརྟེན་དགོན་པ་མང་པོ་ཞིག་གི་ནང་ཚན་རིག་གི་འཛིན་གྲྭ་འགོ་བཙུགས་ཏེ་ཡག་པོ་འགྲོ་ཡི་འདུག
དེ་ཚོའི་ཐོག་ལ་ཆོས་རིག་ལས་ཁུངས་ནས་མཐུན་འགྱུར་གནང་གི་ཡོད། གནས་སྟངས་གཞན་ཞིག་ལ་བར་ལམ་༸གོང་ས་མཆོག་གིས་བཀའ་སློབ་ཤུགས་ཆེ་ཕེབས་ནས་སློབ་གཉེར་ཧ་ཅང་ཡག་པོ་ཡོད་པ་དང་དམིགས་ཡུལ་ཡང་ཧ་ཅང་ཡག་པོ་སྒྲུབ་བཞིན་ཡོད་ཀྱང་། ཆུང་ས་ཞིག་གི་ཐོག་ནས་འཕྲོད་བསྟེན་ཡག་པོ་མ་ཆགས་པ་དང། འཚོ་བའི་ཐོག་ནས་དཀའ་ངལ་འཕྲད་པ་དེ་འདྲ་ཡོང་བཞིན་ཡོད། དེ་ཚོའི་ཐོག་ལ་དགོན་པ་སོ་སོའི་ངོས་ནས་གསར་བརྗེ་གང་ཐུབ་གནང་རྒྱུ་དང་། ཕྱི་ནས་ང་ཚོས་མཐུན་འགྱུར་སྦྱོར་རྒྱུ་བྱས་ནས་སློབ་གཉེར་རང་གི་ཐོག་ཤུགས་རྒྱག་མཁན་དེ་དག་གི་འཚོ་རྟེན་དང་འཕྲོད་བསྟེན་རང་གི་ཐོག་ཤུགས་རྒྱག་དགོས་པའི་བཀའ་སློབ་ཕེབས་དོན་ལྟར། ང་ཚོས་འབད་བརྩོན་བྱས་པར་བརྟེན་ད་ཆ་འགྱུར་བ་ཡག་པོ་ཕྱིན་འདུག དཔེར་ན་བཤད་གྲྭ་དང་གདན་ས་ཆེ་ཁག་དེ་ཚོའི་ནང་སློབ་ཚན་རིམ་པ་མང་པོ་ཞིག་ཡོད་ཁར་དགེ་བཙུན་གཞོན་པ་ཚོར་སློབ་གྲྭའི་སྡེ་ཚན་ཟུར་དུ་ཕྱེ་ཡོད།
སྡེ་ཚན་དེའི་ནང་རྒྱུན་དུ་སློབ་གྲྭའི་ནང་གི་སློབ་ཚན་ནང་བཞིན་ཚང་མ་སློབ་བཞིན་ཡོད། དེ་བཞིན་སྨན་ཁང་ཡང་ཟུར་དུ་ཡོད་པ་མ་ཟད། ཚད་དང་ལྡན་པ་ཡོད། དགོན་པ་ནང་གི་གྲྭ་བཙུན་ཙམ་མ་ཟད། གཡས་གཡོན་གཞིས་མི་དང་ས་གནས་ཡུལ་མི་སོགས་ལའང་ཕན་ཐོགས་ཆེན་པོ་ཡོད་འདུག
དྲི་བ། ཆོས་རིག་ལས་ཁུངས་ངོས་ནས་ད་ལྟའི་ཆར་ལས་འཆར་དང་། ལས་གཞི་གཙོ་ཆེ་བ་གང་དང་གང་གནང་གི་ཡོད་དམ།
བཀའ་བློན་མཆོག་གིས། ལས་དོན་ཆེ་ཆུང་སྣ་མང་ཡོད་པ་རེད། འོན་ཀྱང་གཙོ་ཆེ་ཤོས་ནི་བཤད་གྲྭ་ཡོད་མཁན་གྱི་རིས་མེད་ཆོས་སྡེ་ཁག་ཏུ་༼དེ་སྔ་ཆོས་སྡེ་དེ་དག་གི་ནང་བོད་ནས་གསར་དུ་ཕེབས་པ་རྣམས་བཞུགས་ཀྱི་ཡོད། ༽ ཁྱོན་བསྡོམས་གྲྭ་བཙུན་སྟོང་ཕྲག་དྲུག་ཙམ་ལ་སློབ་ཡོན་འབུལ་བཞིན་ཡོད་པ་མ་ཟད། གྲྭ་བཙུན་ཆོས་ཉམས་ལེན་བྱས་ནས་བཞུགས་མཁན་དང་། བྱ་བྲལ་བ། འཚམས་པ་ལ་སོགས་གང་མང་ཞིག་ལ་འཚོ་རྟེན་ཕྲན་བུ་འབུལ་བཞིན་ཡོད། གདན་ས་ཆེ་ཁག་ནང་རང་མགོ་རང་ཐོན་བྱས་ནས་ཡོད། ཆོས་ཚོགས་འགའ་ཤས་རང་མགོ་རང་ཐོན་བྱེད་ཀྱི་ཡོད། དེ་མིན་དཔལ་འབྱོར་གནས་སྟངས་ཞན་པའི་དགོན་སྡེ་དང་བཤད་གྲྭ་ཁག་གི་ལྟ་གྲུབ་དང་། ཚན་རིག་སློབ་ཁྲིད་གནང་མཁན། ད་ལྟའི་ཆར་དགོན་སྡེ་ཁག་གི་ནང་ཏུ་རྒྱ་སྐད་སློབ་ཁྲིད་གནང་གི་ཡོད། ཕྱིས་སུ་འབྲེལ་བ་བྱེད་དགོས་པ་གཙོ་བོ་རྒྱའི་ཡུལ་གྲུ་དང་རྒྱ་མི་རིགས་ཡིན། ལྷག་པར་རྒྱ་སྐད་བརྒྱུད་ནས་ནང་པ་སངས་རྒྱས་པའི་ཆོས་དང་རིག་གཞུང་དར་འཕེལ་ཕྱིན་པ་ཡིན་ན། རྩོད་པ་བརྒྱག་མི་དགོས་པའི་ཐོག་ནས་ཚུར་རྒྱབ་སྐྱོར་དང་རིན་ཐང་ཐོབ་སླད་སོགས་ལ་དགོངས་པ་བཞེས་པའི་ཐོག་སྔ་མོ་ནས་བཀའ་སློབ་ཕེབས་ཏེ་ད་ཆ་རྒྱ་སྐད་སློབ་ཁྲིད་གནང་རྒྱུ་འགོ་ཚུགས་ཡོད། དེ་ཚོའི་དགེ་རྒན་ཚོར་གླ་ཕོགས་རྒྱག་རྒྱུ་དང་། དེ་ནས་མང་ཚོགས་ལ་ཆོས་དང་རིག་གཞུང་གི་ལས་ཁུངས་བརྗོད་སྐབས་དགོན་པ་གྲྭ་ཚང་གཅིག་པོ་མིན་པར་མང་ཚོགས་ནང་དུའང་ཆོས་དང་རིག་གཞུང་གནས་སྟངས་ཐད་གང་ཐུབ་འགན་ཁུར་ཐུབ་པ་དགོས། མང་ཚོགས་ཀྱི་ཁྲོད་སྔ་མོ་ཡིན་ན་ནང་ཆོས་ངོ་སྤྲོད། ཅེས་བརྗོད་པ་རེད། ཕྱིས་སུ་ནང་པའི་ལྟ་གྲུབ་ངོ་སྤྲོད་ཅེས་བརྗོད་ཀྱི་ཡོད། དོན་ལ་ཁྱད་པར་མེད་ནའང་ཚིག་ལ་ཡོད། ནང་པའི་ལྟ་གྲུབ་གོང་འཕེལ་གྱི་ལས་གཞི་དེ་༸གོང་ས་མཆོག་གི་བཀའ་སློབ་དགོངས་དོན་རེད། སྔ་མོ་ནས་ཡོད། འོན་ཀྱང་བར་ལམ་ནས་དར་རྒུད་སྣ་ཚོགས་བྱུང་ཡོད། ད་དུང་མུ་མཐུད་གཞིས་ཆགས་ཁག་ལ་ལས་གཞི་སྤེལ་བཞིན་ཡོད།
མང་ཚོགས་ལ་ནང་པའི་ལྟ་གྲུབ་ངོ་སྤྲོད་བྱེད་ཕྱོགས་རིམ་པ་གསུམ་ཡོད། རིམ་པ་དང་པོ་ནི། བཙན་བྱོལ་བོད་མིའི་གཞིས་སྒར་ཁག་གི་ནང་ལོ་རེར་གང་ཐུབ་ཀྱིས་ས་གནས་འགོ་འཛིན་དང་ཚོགས་པ་སོ་སོས་གོ་སྒྲིག་ཞུ་རྒྱུ་དང་སྦྲགས་སྤྱི་ཡོངས་ཀྱི་ནང་ཆོས་ངོ་སྤྲོད་གནང་རྒྱུའི་དཔལ་འབྱོར་མཐུན་རྐྱེན་ཆོས་རིག་ལས་ཁུངས་ནས་གནང་གི་ཡོད། དེ་ནས་རིམ་པར་གཉིས་པ་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭ་དང་ཆོས་རིག་ལས་ཁུངས་ཟུང་འབྲེལ་ཐོག་ཟླ་དྲུག་རིང་མཐོ་སློབ་ཁག་ནས་བསླབ་པ་མཐར་སོན་པའི་གཞོན་སྐྱེས་རྣམས་ལ་བོད་ཀྱི་སྐད་ཡིག་དང་ནང་པའི་ལྟ་གྲུབ་སྐོར་ཟབ་སྦྱོང་ཞིག་ཚོགས་ཀྱི་ཡོད། ཟབ་སྦྱོང་དེ་ཧ་ཅང་ཡག་པོ་འགྲོ་ཡི་འདུག་པ་མ་ཟད། ཚོགས་བཅར་བ་རྣམས་ནས་ཀྱང་མཉམ་ཞུགས་ཡག་པོ་གནང་གི་འདུག ད་ལྟ་ངོ་སྤྲོད་མ་ཐོབ་མཁན་ཚོར་ངོ་ཡག་པོ་མ་འཕྲོད་པ་མ་གཏོགས་མཉམ་ཞུགས་གནང་ཟིན་པ་རྣམས་ཀྱིས་ཧ་ལས་པའི་ཕན་ཐོགས་འདུག ཅེས་ཚུར་གསུང་གི་འདུག་པར་བརྟེན་ཧ་ལས་པའི་ཕན་ཐོགས་ཆེན་པོ་རེད་འདུག
གསུམ་པ་དེ་མཐོ་སློབ་ཁག་ཏུ་དགེ་བཤེས་མགྲོན་འབོད་ཀྱིས་སྐོར་སྐྱོད་ཀྱི་ལམ་ནས་ནང་ཆོས་ངོ་སྤྲོད་གནང་གི་ཡོད། ལས་གཞི་རིམ་པ་གསུམ་གྱི་བརྒྱུད་ནས་ནང་པའི་ལྟ་གྲུབ་དང་ནང་ཆོས་ངོ་སྤྲོད་བྱེད་ཀྱི་ཡོད།
ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཕན་ཚུན་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་གིས་མཚོན་སོ་སོའི་བྱེད་སྒོ་རྣམས་ཕན་ཚུན་རྒྱུས་ཡག་པོ་ལོན་པ་ཡིན་ན་རང་བཞིན་གྱི་མཐུན་སྒྲིལ་དང་། དད་པ་དག་སྣང་ཡོང་རྒྱུ། དེ་བཞིན་ཕྱོགས་རིས་མི་ཡོང་བ་དེ་འདྲའི་གནད་དོན་ཆེན་པོ་ཡིན་སྟབས། བགྲོ་གླེང་གོ་སྒྲིག་གནང་གི་ཡོད། ཉེ་ཆར་སྡེ་ར་སྡུན་ས་སྐྱ་མཐོ་སློབ་ཏུ་ཚད་མའི་སྐོར་རིས་མེད་བགྲེ་གླེང་ཞིག་ཚོགས་ཡོད། དེ་མཚུངས་མང་པོ་བྱེད་ཐུབ་ཀྱི་མེད་ཀྱང་བོད་ལུགས་ཀྱི་ནང་པ་དང་། བོད་ལུགས་མ་ཡིན་པའི་ནང་པ་གཞན་མང་པོ་ཡོད། གནས་བརྟན་སྡེ་པ་གཙོ་བོར་གྱུར་བའི་ནང་པའི་ཆོས་བརྒྱུད་མང་པོ་དང་ལྷན་དུ་བགྲོ་གླེང་དང་། གོ་བསྡུར། ཚོགས་འདུ་དང་གོ་རྟོགས་སྤེལ་རེས་ལ་སོགས་བྱེད་དགོས་སྐོར་བཀའ་སློབ་ཕེབས་ཡོད།
དེ་སྔོན་ཟླ་བ་ཁ་ཤས་གོང་རྒྱ་གར་ལྷོ་ཕྱོགས་སེ་རར་འདུལ་བའི་སྐོར་གནས་བརྟན་སྡེ་པ་དང་། གཞི་ཐམས་ཅད་ཡོད་པར་སྨྲ་བ་སོགས་ཀྱི་ཐད་ཚོགས་འདུ་ཞིག་གོ་སྒྲིག་ཞུས་ཡོད། ཚོགས་འདུ་དེར་ང་རང་དངོས་སུ་བཅར་བ་ཙམ་ཟད་གཏམ་བཤད་བྱེད་རྒྱུ་བྱུང་། སྐབས་དེར་རྒྱལ་ཁབ་ཁག་དགུ་ཙམ་ནས་མཁས་པ་དང་། དགེ་སློང་བཅས་ཕེབས་འདུག ཚོགས་འདུ་དེ་རིགས་གང་མང་འཚོགས་རྒྱུ་འབད་བརྩོན་ཞུ་དགོས་ཀྱི་ཡོད།
ནང་པ་མིན་པའི་ཆོས་ལུགས་གཞན་དང་ལྷན་དུ་མཐུན་སྒྲིལ་དང་གོ་རྟོགས་སྤེལ་རེས་བྱ་རྒྱུ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་ཁྲོད་གལ་ཆེ་བ་ཞིག་ལ་དགོངས་བཞེས་མཛད་ནས་དུས་རྒྱུན་དུ་སྐུ་ངལ་འཛེམས་མེད་གནང་གི་ཡོད་པ་ཚང་མས་མཁྱེན་གསལ་རེད། ཆོས་རིག་ལས་ཁུངས་དང་ང་རང་ཚོའི་ངོས་ནས་དེ་དང་དེ་བཞིན་ཞུ་དགོས་ཀྱི་ཡོད་སྟབས། དེ་ཚོའི་ཐོག་གང་ཐུབ་བྱེད་རྒྱུ་དང་། གཞིས་ཆགས་སུ་ཡོད་པའི་དགོན་སྡེ་སོགས་ལའང་ཆོས་ལུགས་གཞན་དང་ལྷན་དུ་འབྲེལ་བ་གང་ཐུབ་ཡོང་རྒྱུའི་ལས་གཞི་གསར་པ་ཞིག་འགོ་འཛུགས་བྱས་ཡོད། དེའི་འགྲོ་གྲོན་རྣམས་ཆོས་རིག་ལས་ཁུངས་ནས་གནང་རྒྱུ་ཡིན། ཆོས་རིག་ལས་ཁུངས་རང་གི་ཐོག་ནས་ལས་དོན་དེ་འདྲའི་ཐོག་ཕར་འགྲོ་ཐུབ་ཐབས་བྱེད་བཞིན་ཡོད།
དཔེར་ན་ཉེ་ཆར་ (Sai) དམ་པ་ཁོང་གི་ཧིན་དུའི་ཆོས་ཚོགས་ཆེན་པོ་ཞིག་ཡོད་པ་དེས་ཆོས་ལུགས་མཐུན་སྒྲིལ་གྱི་བགྲོ་གླེང་ལྷན་ཚོགས་ཤིག་གོ་སྒྲིག་གནང་བ་དེར་བཅར་རྒྱུ་བྱུང་། ང་ཚོའི་དམིགས་ཡུལ་དང་གཅིག་པ་ལྟ་བུ་ཆགས་བཞིན་ཡོད། སྐབས་དེར་བོད་པའི་བླ་མ་མཁན་པོ་དེ་འདྲའང་ཕེབས་འདུག དེ་ལྟ་བུ་ཆོས་ལུགས་གཞན་དང་ལྷན་འགྲོགས་འདྲིས་བྱ་རྒྱུ་ལྟ་བུ་རེད།
དྲི་བ། འབྱུང་འགྱུར་ལོ་གསུམ་རིང་ལས་གཞི་གལ་ཆེ་གསར་པ་རིགས་སྤེལ་འཆར་ཡོད་དམ།
བཀའ་བློན་མཆོག་གིས། ལོ་གསུམ་ནང་གོང་གི་གནད་དོན་དང་ལས་གཞིའི་ཐོག་མུ་མཐུད་འབད་བརྩོན་ཞུ་རྒྱུ་དང་། དེ་ནས་ལས་གཞི་ཁག་གཅིག་རོབ་ཙམ་གཏན་འཁེལ་བ་ནི། ལོ་འདིའི་ལོ་མཇུག་ཕྱི་ཟླ་ ༡༡ ནང་ཆོས་ཚོགས་ཆེན་པོ་ཞིག་བསྐོང་གི་ཡོད། སྤྱིར་བཏང་བྱས་ན་ལོ་ ༢ དང་ ༣ ནང་ཚུད་བསྐོང་ཚོགས་གནང་གི་ཡོད་ཀྱང་བར་ལམ་བསྐོང་མ་ཐུབ་པ་རེད། ཆོས་བརྒྱུད་ཁག་གི་བླ་ཆེན་དབུ་ཁྲིད་ཚང་འཛོམས་ཐོག་བགྲོ་གླེང་ལ་སོགས་རྒྱས་པ་ཞིག་འཚོགས་གཏན་འཁེལ་ཡོད།
ད་ལོ་དགུན་ཁར་གནས་མཆོག་རྡོ་རྗེ་གདན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་ཆོས་ཀྱི་མཛད་འཆར་མང་པོ་ཞིག་བང་བསྒྲིག་ཡོད། བྱུང་ཐུབ་ན་བཀའ་ཆོས་ཀྱི་མཛད་འཆར་ཁག་བོད་མིའི་སྒྲིག་འཛུགས་ནས་སྦྱིན་བདག་ཞུ་རྒྱུ་དང་། དེ་ལྟར་མ་བྱུང་ནའང་མཉམ་རོགས་ཞུ་རྒྱུ་ཡིན། དེའི་ཐོག་བཀའ་བསྡུར་འགྲོ་མུས་རེད། གཏན་འཁེལ་ཟིན་པའི་གནད་དོན་གཅིག་ལ། སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ཀེག་སྔ་བསུར་ཕེབས་ཀྱི་ཡོད། ལོ་རྗེས་མར་དགུང་ཀེག་དངོས་གཞི་ཡིན་སྟབས་བཀའ་ཆོས་ཀྱི་རྗེས་སུ་བརྟན་བཞུགས་འདེགས་འབུལ་ཞུ་རྒྱུ་ཡིན།
མཐའ་མཚམས་ཁག་ཏུ་ཡོད་པའི་དགོན་སྡེ་མང་པོ་ཞིག་གི་གནས་སྟངས་ཞན་པོ་ཡོད། འོན་ཀྱང་དེར་ཡོད་པའི་མི་མང་རྣམས་ཆོས་དད་ཆེན་པོ་ཡོད་པ་གང་ཞིག ཆོས་པའི་རྟེན་དང་དགེ་འདུན་པའང་མེད་པ་དེ་འདྲའི་མཐའ་མཚམས་ཀྱི་དགོན་པ་ཆུང་ཁག་གང་ཙམ་ཞིག་ཡོད། དེ་དག་གལ་ཆེར་རྩི་དགོས་པའི་ཐོག་ནས་དགོན་པ་དེ་དག་རྒྱུན་གནས་ཐུབ་ཕྱིར་དཀོན་གཉེར་བརྒྱ་ཙམ་ལ་འཚོ་རྟེན་ཕུལ་ཐུབ་རྒྱུ་དང་། མི་མང་གི་ཕྱག་མཆོད་འབུལ་བྱེད་སའི་རྟེན་གཅིག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་ནས་གསོལ་སྩལ་བཀའ་དྲིན་སྐྱོང་ཆེད་སྟོན་པའི་སྐུ་བརྙན་ ༣༠༠ གྲ་སྒྲིག་བྱས་ཡོད།
དམིགས་ཡུལ་གཙོ་བོ་ནི་མཐའ་མཚམས་དང་། དགོས་གལ་ཅན་རྣམས་ལ་དམིགས་པ་རེད། འོན་ཀྱང་༸གོང་ས་མཆོག་གི་ཕྱག་ནས་རྟེན་རྩ་ཆེན་པོ་ཞིག་ཐུགས་སྨོན་མཚམས་སྦྱོར་དང་སྦྲགས་གསོལ་སྩལ་མཛད་རྒྱུ་ཡིན་སྟབས་ཁ་ཤས་ཤིག་ལ་ཡོད་པ་དང་། ཁ་ཤས་ཤིག་ལ་མེད་ན་ཡ་མཚན་པོ་ཞིག་ཆགས་རྒྱུ་ཡིན་སྟབས། རྟེན་ཕུལ་རྒྱུ་དེ་དགོན་པོ་ཁག་ཚང་མར་འབུལ་རྒྱུ་རེད། བཀའ་འཁྲོལ་ཐོབ་ཟིན་སྟབས་གྲ་སྒྲིག་བྱེད་མུས་ཡིན།
དེ་ནས་ང་རང་གི་བསམ་པར་ལོ་གསུམ་ནང་ཚུད་ལ་ཆོས་རིག་ལས་ཁུངས་ཀྱིས་གནང་བཞིན་པའི་ལས་གཞི་ཁག་གཅིག་ལ་དུས་ཚོད་དང་མཐུན་པའི་བསྐྱར་ཞིབ་དང་བསྐྱར་བཅོས་བྱེད་དགོས་རྒྱུ་ཁ་ཤས་མཐོང་གི་ཡོད། དེ་རྣམས་གང་ཐུབ་བཀའ་ཤག་དང་གྲོས་ཚོགས་ཀྱི་ལམ་སྟོན་དང་འབྲེལ་ཐབས་ཤེས་བྱེད་རྒྱུ་ཡིན།
གཉིས་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་བདུན་ནས་ཆོས་རིག་ལས་ཁུངས་ནི་ཆུང་ཤོས་ཆགས་ཡོད། ཡིན་ནའང་ལས་དོན་དང་། ཆོས་དང་རིག་གཞུང་ཐོག་བསམ་བློ་བཏང་བ་ཡིན་ན་ལས་ཁུངས་ཆེ་ཤོས་ཡིན་དགོས་ངེས་ཤིག་ཡིན། ད་ལྟའི་ཆར་འཁུ་བསྡུས་པོ་དང་། ཆུང་ཆུང་ཞིག་ཆགས་པ་དེར་རྒྱུ་མཚན་གནས་སྟངས་ཁ་ཤས་འདུག རྒྱུ་མཚན་གནས་སྟངས་གཅིག་ང་ཚོས་འདི་ནས་སྐུན་སློང་བྱེད་དགོས་པ་དང་། གཞན་མང་ཆེ་བ་སོ་སོས་རང་ཁ་རང་གསོ་དང་། རང་རྐང་རང་ཚུགས་ལྟ་བུ་བྱེད་བཞིན་ཡོད་སྟབས་དབུས་ལས་ཁུངས་ནས་མང་པོ་ཞིག་བྱེད་མི་དགོས་པའི་གནས་སྟངས་ལྟ་བུ་ཞིག་ཆགས་ཡོད། འོན་ཀྱང་དེར་ཆ་བཞག་ཀྱང་བྱས་ནས་གཞི་རྒྱ་ཆུང་ཆུང་བྱས་ནས་བསྡད་པ་ཡིན་ན་དུས་དང་མཐུན་པའི་ཞབས་འདེགས་ཆ་ཚང་སྒྲུབ་ཐུབ་མིན་ཐེ་ཚོམ་རེད། ཆོས་རིག་ལས་ཁུངས་ཀྱི་ལས་དོན་རང་གི་ཐོག་ལ་རྒྱ་སྐྱེད་བྱེད་དགོས་མིན་ཐད་བསྐྱར་ཞིབ་གནང་རྒྱུ་དང་། མ་འོངས་པར་ཆོས་རིག་བཀའ་བློན་སུ་འདྲ་ཞིག་ཕེབས་པ་ཡིན་ནའང་ཕྱག་ལས་གནང་བདེ་པོ་ཡོང་ཆེད་འབད་བརྩོན་ཞུ་རྒྱུ་ཡིན།
དྲི་བ། ཆོས་རིག་བཀའ་བློན་གནང་རིང་དམིགས་བསལ་མྱོང་ཚོར་གང་བྱུང་ཡོད་དམ།
བཀའ་བློན་མཆོག་གིས། དམིགས་བསལ་ཞུ་རྒྱུ་གང་ཡང་མེད། གོང་དུ་ཞུས་པ་བཞིན་ས་གནས་སུ་གཟིགས་ཞིབ་སྐབས་དགའ་སྣང་དང་དངངས་འཚབ་ཀྱི་ཚོར་སྣང་ཞིག་ཡོང་གི་འདུག
དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བཀའ་ཤག་སྐབས་ ༡༤ ལས་འགན་ཐུགས་ཁུར་བཞེས་པའི་ཐོག་ནས་ཆིག་སྒྲིལ་དང་། གསར་གཏོད། རང་ཁ་རང་གསོའི་ཐད་ཤུགས་ཧ་ཅང་རྒྱག་བཞིན་ཡོད། དེ་གསུམ་གྱི་གནས་སྟངས་ཐོག་ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སྡེ་ཚན་ནང་གང་འདྲ་ཡོད་མེད་རྟོག་ཞིབ་བྱེད་སྐབས་སྤྲོ་སྣང་སྐྱེ་དགོས་པ་ཞིག་འདུག
ཆིག་སྒྲིལ་གྱི་ཐོག་ལ་ཆོས་བརྒྱུད་ནང་ཁུལ་ཙམ་མ་ཟད། ཆོས་བརྒྱུད་བླ་ཆེན་སོ་སོ་དེ་སྔ་དང་བསྡུར་བ་ཡིན་ན་དག་སྣང་དང་མཐུན་སྒྲིལ་བཟང་དུ་ཕྱིན་པ་ཧ་ཅང་གལས་པོ་འདུག གྲྭ་མང་སོ་སོའི་ངོས་ནས་ཀྱང་ཆོས་བརྒྱུད་གཞན་ལ་ལྟ་སྟངས་ཧ་ཅང་འགྱུར་ཡོད་པའི་དཔང་རྟགས་དང་རྣམ་འགྱུར་ཧ་ཅང་གསལ་པོ་འདུག
གསར་གཏོད་ལ་མཚོན་ན་སློབ་གྲྭའི་ནང་རྒྱ་སྐད་དང་ཨིན་སྐད་སློབ་རྒྱུ། དཔེར་ན། ཆོས་བརྒྱུད་ཁ་ཤས་ཀྱི་དགོན་པ་ཁག་གཅིག་ནང་གྲྭ་བཙུན་གྱི་མི་ཆ་ཉུང་དུ་འགྲོ་བར་བརྟེན་མི་ཆ་རང་ལ་དམིགས་ནས་ཟུར་དུ་སློབ་གྲྭ་ཆེན་པོ་དེ་འདྲ་བཞུགས་ནས་སློབ་གྲྭ་ལྟར་སློབ་ཚན་ཆ་ཚང་སློབ་ཁྲིད་བྱ་རྒྱུ་ཡོད་པ་དེ་འདྲ་འདུག
ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཐད་གསར་གཏོད་རང་བཞིན་གྱི་རྣམ་པ་ཧ་ཅང་ཡག་པོ་མཇལ་རྒྱུ་བྱུང་། དགའ་ཚོར་སྐྱེ་དགོས་པ་ཞིག་འདུག
གསུམ་པ་དེ་རང་ཁ་རང་གསོར་མཚོན་ན། དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་ཁག་གཅིག་གི་ནང་གསུང་པ་ལྟར་ཡིན། དགོན་པ་ཆེ་ཁག་ནང་མ་དགོན་ཆེ་ཁག་གི་གནས་སྟངས་བྱས་ནས་རྩ་དོན་ཐད་འགན་ཁུར་ཤུགས་ཆེ་འཁྱེར་ནས་གནས་ཡོད།
ང་ཚོའི་རོགས་སྐྱོར་ལ་མཚོན་ན་ཧ་ཅང་ཆུང་ཙག་རེད། ཚང་མ་རང་ཁ་རང་གསོ་བྱས་ནས་གནས་ཡོད། འོན་ཀྱང་ད་བར་ཁྱེད་ཚོ་རང་ཁ་རང་གསོ་ཡིན་སྟབས། དེ་སྔའང་ཁྱེད་ཚོར་ལྟ་སྐྱོང་མི་དགོས་པ་ལྟར་ད་ལྟའང་མུ་མཐུད་ལྟ་སྐྱོང་དགོས་པ་མི་འདུག་ཟེར་ན་གོ་ནོར་ཧ་ཅང་ཐེབས་ཉེན་འདུག དེ་འདྲ་བརྗོད་ན་མ་འགྲིག་པ་རེད། སྔ་མོ་བྱས་པ་དེ་ལེགས་པའི་རང་བཞིན་རེད། མུ་མཐུད་ནས་རང་རྐང་རང་ཚུགས་ཐོག་ལ་ང་ཚོའི་ཐོག་ནས་ག་ཚོད་ཐུབ་ཐུབ་རོགས་སྐྱོར་བྱེད་དགོས་པ་རེད་འདུག་བསམ་པའི་ཚོར་སྣང་ཆེན་པོ་ཞིག་ཡོང་གི་འདུག ཅེས་སོགས་ཀྱི་ལན་འདེབས་གནང་འདུག །
༼ ཕྱི་དྲིལ་བོད་ཡིག་ཚན་པས་སྒྲ་ཕབ་ཞུས། ༽