ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡༨ རེས་གཟའ་ཟླ་བ།
༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡༨ ནས་ཕྱི་ཟླ་ ༨ ཚེས་ ༡༧ བར་ལས་ཉིན་ ༤༥ རིང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ལུགས་དབང་འཛིན་གི་རྩ་འཛིན་ཁྲིམས་ཡིག་དང་། སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག དཔང་རྟགས་རྩ་འཛིན་ཁྲིམས་ཡིག་བཅས་ལ་བསྐྱར་ཞིབ་བྱེད་མཁན་མི་འགྲོ་ལྔ་ལས་གྲུབ་པའི་ཚོགས་ཆུང་ཞིག་བསྐོ་འཛུགས་ཞུས་པ་ལྟར། དེ་རིང་རེས་གཟའ་ཟླ་བ་སྔ་དྲོ་ཚོུད་ ༩ པའི་ཐོག་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་། ཁྲིམས་ཞིབ་པ་གཞན་གཉིས། ཁྲིམས་ཡིག་བསྐྱར་ཞིབ་ཚོགས་ཆུང་གི་ཚོགས་གཙོ་གཙོས་པས་ཚོགས་མི་རྣམ་པ། གཞན་ཁྲིམས་ཞིབ་ཁང་གི་འབྲེལ་ཡོད་ལས་བྱེད་བཅས་ཚང་འཛོམས་ཐོག་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་ནས་ཚོགས་ཆུང་འདི་འཛུགས་དགོས་པའི་དམིགས་ཡུལ་དང་། ལས་དོན་གནང་ཕྱོགས་ལམ་སྟོན་དང་སྦྲགས་ཚོགས་ཆུང་གི་ལས་དོན་འགོ་འཛུགས་གནང་ཡོད།
ཚོགས་ཆུང་གི་ཚོགས་གཙོར་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་བྱ་དུར་བསོད་ནམས་བཟང་པོ་མཆོག་དང་། ཚོགས་དྲུང་དུ་སྤྱི་ཁྱབ་ཁྲིམས་དྲུང་བཀྲ་ཤིས་རྒྱ་མཚོ་ལགས། ཚོགས་མིར་བྱང་ཕྱོགས་ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ལྷ་འབྲུག་ལགས། ཁྲིམས་ལུགས་རིག་པ་བ་རྣམ་རྒྱལ་ཚེ་སྐྱིད་ལགས། ཁྲིམས་དོན་ལས་བྱེད་ལས་དྲུང་རིག་འཛིན་དབང་མོ་ལགས་བཅས་བསྐོ་གཞག་གནང་ཡོད་པའི་གསར་འགྱུར་སྙིང་བསྡུས་སུ། །