ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡༩ རེས་གཟའ་མིག་དམར།
༄༅། །བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་ལོ་ལྟར་བོད་ཟླ་ ༥ ནང་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸རྒྱལ་བའི་སྐུ་ཕྱྭ་དང་བསྟན་སྲིད་ཞབས་རིམ་དུ་དམིགས་ཏེ་མ་ཧཱ་གུ་རུའི་འབུམ་ཚོགས་འབུལ་གཤོམས་གནང་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༦།༣༠ ཐོག་མ་ཧཱ་གུ་རུའི་འབུམ་ཚོགས་དབུ་འཛུགས་སྐབས་ཚོགས་མགོན་དུ་འོད་ཟེར་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག
བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག ཆེས་མཐོའི་ཁྲིམས་ཞིབ་པ་གཞན་ངག་དབང་རབ་རྒྱས་མཆོག བཀའ་བློན་རྣམ་པ། རང་དབང་ཅན་གྱི་ལས་ཁུངས་ཁག་གི་འགན་འཛིན་རྣམ་པ། བོད་མི་མང་སྤྱི་འཐུས་ཁག་གཅིག སྐུ་མགྲོན། དེ་བཞིན་སེར་སྐྱ་མི་མང་བཅས་ལྷན་འཛོམས་གནང་ཡོད།
སྤྱིར་བོད་རྒྱལ་ལོ་ ༢༡༤༥ ས་ཁྱི་ལོའི་འབུམ་ཚོགས་འདི་ཉིད་འདི་ལོའི་བོད་ཟླ་ ༥ ཚེས་ ༦ ནས་ ༡༠ བར་དང་ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡༩ ནས་ ༢༣ བར་ཚོགས་རྒྱུ་ཡིན་འདུག་པ་བཅས།