༢༠༡༨ ཟླ་ ༦ ཚེས་ ༢༠ རེས་གཟའ་ལྷག་པ།
༄༅། །འདི་གར་ཨོ་གླིང་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཨོ་གླིང་རྒྱལ་ཁབ་ཀྱི་ལྷོ་ཕྱོགས་གྲོང་ཁྱེར་གནས་མཁར་གསར་(Newcastle)ས་གནས་བོད་རིགས་ཚོགས་པ་དང་ཨོ་གླིང་བོད་ཀྱི་མདའ་རྩལ་ཚོགས་པ་(Australian Tibetan Archery Talent)ཐུན་མོང་གི་གོ་སྒྲིག་འོག ༢༠༡༨ ལོའི་ཨོ་གླིང་བོད་ཀྱི་མདའ་རྩལ་འགྲན་བསྡུར་དེ་བཞིན་ལེགས་གྲུབ་བྱུང་འདུག སྐབས་དེར་སྐུ་ཚབ་དོན་གཅོད་མཚོ་མགོ་ལྷག་པ་ལགས་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཆེད་ཕེབས་ཀྱིས་ལམ་སྟོན་གསུང་བཤད་གནང་བ་མ་ཟད། རྒྱལ་ཁ་ཐོབ་མཁན་རྣམས་ལ་བྱ་དགའ་གནང་འདུག
དེ་ཡང་ ༢༠༡༨ ལོའི་ཟླ་ ༦ པའི་ཚེས་ ༡༨ ཉིན་གྱི་ཞོགས་པ་ཆུ་ཚོད་ ༨།༣༠ ཐོག Fassifrenས་ཁུལ་ཏུ་རྟེན་གཞི་བྱས་པའི་ Boolaroo Bowmenམདའ་རྩེད་ལྷན་ཚོགས་ཀྱི་རྩེད་ཐང་དུ་ ༢༠༡༨ ལོའི་ཨོ་གླིང་བོད་ཀྱི་མདའ་རྩལ་འགྲན་བསྡུར་གོ་སྒྲིག་གནང་ཡོད་པ་དང་། སྐུ་ཚབ་དོན་གཅོད་མཚོ་སྒོ་ལྷག་པ་ལགས་དང་སྤྱི་ཟུར་སྒྲོལ་དཀར་སྐྱབས། བྷོ་ལཱ་རོའོ་མདའ་རྩེད་ལྷན་ཚོགས་ཀྱི་བདེ་འཇགས་འགན་འཛིན་བྷུར་ནེའེ་སེ་དང་ལྷན་ཚོགས་ཀྱི་ཚོགས་མི་ཁག་ཅིག དེ་བཞིན་ཨོ་གླིང་ས་ཕྱོགས་གང་ས་ནས་ཕེབས་པའི་མདའ་རྩེད་མཁས་པ་དང་བོད་མི་ལྟད་མོ་བ་བཅས་ཁྱོན་མི་གྲངས་ ༨༠ ལྷག་མཉམ་འཛོམས་གནང་འདུག
སྐབས་དེར་སྐུ་ཚབ་དོན་གཅོད་མཚོ་མགོ་ལྷག་པ་ལགས་ཀྱི་མཛད་སྒོའི་ཐོག་གསུང་དོན། གནས་མཁར་གསར་བོད་རིགས་ཚོགས་པས་མགྲོན་འབོད་ལྟར་ཐེངས་འདིར་མདའ་རྩལ་འགྲན་བསྡུར་འདི་བཞིན་གལ་ཆེ་དོན་ཆེར་བརྩིས་ནས་བཅར་བ་ཡིན། རྩལ་འགྲན་འདི་རིགས་བརྒྱུད་བོད་ཀྱི་སྲོལ་རྒྱུན་རིག་གནས་དྲིལ་བསྒྲགས་དང་། དར་སྤེལ། དེ་བཞིན་བོད་རིགས་དང་ས་གནས་ཡུལ་མིའི་དབར་འབྲེལ་ལམ་གོང་སྤེལ་གཏོང་ཐུབ་རྒྱུ་མ་ཟད། བོད་རིགས་ནང་ཁུལ་ཡིན་ནའང་མཐུན་འབྲེལ་གོང་མཐོར་གཏོང་རྒྱུར་ཕན་ཐོགས་ཆེན་པོ་ཡོང་ངེས། དེར་བརྟེན་མ་འོངས་པར་མདའ་རྩལ་འགྲན་བསྡུར་འདི་ལྟ་བུ་ད་དུང་གཞི་རྒྱ་ཆེ་རུ་གཏང་ནས་ཨོ་གླིང་རྒྱལ་ཡོངས་ཀྱི་བོད་མི་ཚོས་མཉམ་ཞུགས་གནང་ཐུབ་པའི་སྡིངས་ཆའམ་བོད་པའི་དུས་སྟོན་གལ་ཆེན་ཞིག་ཏུ་འགྱུར་ཐབས་ཆེད་ཚང་མས་འབད་བརྩོན་གནང་དགོས། ཞེས་སྐུལ་མ་གནང་བ་མ་ཟད། དོན་གཅོད་ལས་ཁུངས་ནས་ཀྱང་ལས་གཞི་དེ་ལམ་ལྷོངས་ཡོང་ཆེད་དགོས་ངེས་རྒྱབ་སྐྱོར་དང་མཐུན་རྐྱེན་ཇི་ཡོད་གང་ཐུབ་ཞུ་རྒྱུའི་ཁས་ལེན་ཡང་གནང་འདུག
ཐེངས་འདིར་ ༢༠༡༨ ལོའི་ཨོ་གླིང་བོད་ཀྱི་མདའ་རྩལ་འགྲན་བསྡུར་ནང་མེལ་སྦོན་དང་། Melbourne སིད་ནི་ཌེ་ཝེ། གྷོ་སུ་ཧྥུ་སྒྲི། རི་སྔོན་པོ་དང་གནས་མཁར་གསར་བཅས་ཀྱི་མདའ་པ་མི་གྲངས་ ༢༥ མཉམ་ཞུགས་བྱས་ཡོད་པ་དང་། འགྲན་བསྡུར་གྱི་ཐོག་མར་མདའ་པ་ཚང་མ་རུ་ཁག་གཉིས་སུ་བགོས་ནས། སྲོང་བཙན་རུ་ཁག་དང་ཁྲི་རལ་རུ་ཁག་ཅེས་པར་བགོས་ནས་བོད་པའི་སྲོལ་རྒྱུན་གྱི་མདའ་རྩལ་འགྲན་བསྡུར་བྱས། དེ་རྗེས་ས་གནས་ཁག་དང་། མཐར་རྒྱལ་སྤྱིའི་འགྲོ་སྟངས་དང་མཐུན་པར་མི་སྒེར་ཕན་ཚུན་དབར་འགྲན་བསྡུར་གནང་འདུག
སྲོལ་རྒྱུན་གྱི་རུ་ཁག་གཉིས་ལས་ཁྲི་རལ་ལ་རྒྱལ་ཁ་ཐོབ། ས་གནས་རུ་ཁག་ལས་གནས་མཁར་གསར་རུ་ཁག་ལ་རྒྱལ་ཁའི་རྟགས་མ་དང་ཨོ་སྒོར་ ༡༡༣ གྱི་བྱ་དགའ་ཐོབ། གྷོ་སུ་ཧྥུ་སྒྲི་དང་རི་སྔོན་པོ་ཐུན་མོང་ལས་གྲུབ་པའི་མགར་སྟོང་བཙན་རུ་ཁག་གིས་ཨང་གཉིས་པ་དང་ཨོ་སྒོར་ ༥༠ བྱ་དགའ་བླངས།
མི་སྒེར་གྱི་འགྲན་བསྡུར་ལས། གནས་མཁར་གསར་གྱི་མདའ་བ་ཚེ་རིང་སྟོབས་ལྡན་གྱིས་གསེར་གྱི་རྟགས་མ་དང་། ༢༠༡༨ ལོའི་བོད་ཀྱི་མདའ་པའི་གཟི་བརྗིད་མཚན་བྱང་། དེ་བཞིན་ཨོ་སྒོར་ ༡༡༣ གྱི་བྱ་དགའ་བླངས། གནས་མཁར་གསར་གྱི་མདའ་པ་མགུར་འབུམ་རྒྱལ་ནས་དངུལ་གྱི་རྟགས་མ་དང་ཨོ་སྒོར་ ༧༥ གནས་མཁར་གསར་གྱི་མདའ་པ་ཡེ་ཤེས་བཟང་པོ་ནས་ཟངས་ཀྱི་རྟགས་མ་དང་ཨོ་སྒོར་ ༥༠ བཅས་ཀྱི་བྱ་དགའ་ཐོབ་ཡོད།
གཞི་རྩའི་ཨོ་གླིང་བོད་ཀྱི་མདའ་རྩལ་འགྲན་བསྡུར་དེ་བཞིན་ལོ་ཤས་སྔོན་ནས་གནས་མཁར་གསར་ས་གནས་སུ་མི་སྒེར་པ་ཁག་ཅིག་གིས་གོ་སྒྲིག་ཞུ་བཞིན་ཡོད་ཀྱང་། འདི་ལོ་ནས་བཟུང་གནས་མཁར་གསར་བོད་རིགས་མཐུན་ཚོགས་དང་དེའི་ཁྱབ་ཁོངས་ཨོ་གླིང་བོད་ཀྱི་མདའ་རྩལ་ཚོགས་པ་གཉིས་ཐུན་མོང་གིས་གོ་སྒྲིག་གནང་རྒྱུར་གཏན་འཁེལ་བ་དང་། ལོ་རེའི་མདའ་རྩལ་འགྲན་བསྡུར་དེ་བཞིན་བོད་ལུགས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་དང་བསྟུན་འཚོག་གཏན་འཁེལ་ཡོད་ལ། དེའི་དམིགས་ཡུལ་གཙོ་བོ་ནི་རང་རེ་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་མདའ་རྩལ་རིག་གཞུང་བརྒྱུད་འཛིན་གོང་སྤེལ་དང་། ཕྱི་གླིང་མི་སྣར་བོད་པའི་རིག་གཞུང་ངོ་སྤྲོད་དང་ཕན་ཚུན་བསམ་ཚུལ་བརྗེ་ལེན། སོགས་ཡིན་འདུག་པ་བཅས།