ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡༦ རེས་གཟའ་སྤེན་པ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཊི་ཝི་ཡའི་བོད་སྐྱོབ་ཚོགས་པ་དང་། མོ་སི་ཁོ་བོད་ཀྱི་ཐེབས་རྩ། རུ་སོག་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་བཅས་ཐུན་མོང་ནས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ། ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡༦ ཉིན་ཡུ་རོབ་བྱང་བརྒྱུད་ལ་ཊི་ཝེ་ཡའི་རྒྱལ་ས་རི་གྷའི་ Riga ནང་རྟེན་གཞི་བྱས་པའི་སྐོན་ཊོ་ Skonto ཚོགས་ཁང་ཆེན་མོའི་ནང་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་རིམ་བསྡུས་དོན་དང་། རྟེན་འབྲེལ་བསྟོད་པ། རྡོ་རྗེ་གཅོད་པ་བཅས་ཀྱི་བཀའ་ཆོས་ཉིན་དང་པོའི་སྐབས་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་བརྒལ་བར་བཀའ་སློབ་སྩལ་དོན། དེ་རིང་འདིར་རི་གྷར་གཙོ་བོ་ཨུ་རུ་སུའི་ཁོངས་སུ་ཡོད་པའི་ཕ་མེས་ནས་ནང་པ་ཡིན་པ་ཀལ་མིག་དང་། བྷུ་རི་ཡཏ། ཐུ་ཝ་བཅས་དང་། དེ་བཞིན་ས་ཁུལ་གཞན་ནས་ནང་ཆོས་ལ་དོ་སྣང་ཡོད་མཁན་དེ་འདྲ་ཏན་ཏན་སླེབ་ཡོད། དེར་བརྟེན་ཐོག་མར་ཚང་མ་ལ་འཚམས་འདྲི་ཞུ་རྒྱུ་ཡིན།
ལོ་ཤས་ནས་ལ་ཏི་ཝི་ཡར་རུ་སུའི་ས་ཁོངས་སུ་ཡོད་པ་ཚོ་རྒྱ་གར་ནང་ཡོང་རྒྱུར་ས་ཐག་རིང་པོ་དང་འགྲོ་གྲོན་ཆེན་པོ་ཡོད་སྟབས། འདིར་ལ་ཏི་ཝི་ཡར་ཡོང་བདེ་པོ་ཡོད་སྟབས་འདིར་དེ་ལྟར་བྱུང་ན་ཞེས་ལོ་ཁ་ཤས་ནས་འདིར་ཆོས་འབྲེལ་བྱེད་རྒྱུ་བྱུང་བ་རེད། ངོས་རང་དེ་རིང་འདིར་སླར་ཡང་སླེབ་ཐུབ་པར་དགའ་བོ་བྱུང་། ངོས་ཀྱིས་ཁྱེད་རང་ཚོར་སྔོན་ལ་ནང་ཆོས་ངོ་སྤྲོད་ལྟ་བུ་འཁྱུག་ཙམ་དང་། དེ་ནས་གཙོ་བོ་དེ་རིང་དང་སང་ཉིན་བཅས་ཉིན་གྲངས་གཉིས་རིང་རྡོ་རྗེ་གཅོད་པ་དང་རྟེན་འབྲེལ་བསྟོད་པའི་ཆོས་འབྲེལ་བྱེད་རྒྱུ་རེད། གནངས་ཉིན་ཐུགས་རྗེ་ཆེན་པོའི་དབང་ཞིག་བྱེད་ཐུབ་ན་བསམ་པ་དྲན་བྱུང་།
སྔོན་ལ་ནང་ཆོས་ངོ་སྤྲོད་བྱེད་རྒྱུ་ཡིན། རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་སྤྱོད་འཇུག་ནང་།སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང༌། །སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག །བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་འཇོམས། །ཞེས་གསུང་འདུག ང་ཚོ་འཚོ་བ་བདེ་སྡུག་མྱོང་མཁན་གྱི་སེམས་ཅན་ཐམས་ཅད་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་མཁན་ཤ་སྟག་རེད། ལྷག་པར་འཛམ་གླིང་འདིའི་སྟེང་གི་མི་དུང་ཕྱུར་བདུན་ཙམ་ཡོད་པ་དེ་དག་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཤ་སྟག་རེད། སྐྱེས་པའི་ཉིན་མོ་ནས་བཟུང་སྡུག་བསྔལ་མི་འདོད་པ་རང་བཞིན་གྱི་ཡོད། མའི་མངལ་ནང་ཡོད་པའི་སྐབས་ནས་སྡུག་བསྔལ་མི་འདོད་པ་ཡོད་ཀྱང་སྡུག་བསྔལ་གྱི་རྒྱུ་ཞིབ་ཚགས་པོ་བྱས་ནས་བསམ་བློ་གཏོང་བ་ཡིན་ན། ཕྱིའི་ལུས་ཀྱི་སྡུག་བསྔལ་འདི་ཡང་འདོར་རྒྱུ་ཞིག་རེད།
འོན་ཀྱང་སེམས་ཀྱི་སྡུག་བསྔལ་གཙོ་བོ་ཆགས་ཀྱི་ཡོད། དེར་བརྟེན་སེམས་ཀྱི་སྡུག་བསྔལ་འདི་སེམས་འཁྲུག་ན་སེམས་མི་བདེ་བའི་སྡུག་བསྔལ་ཡོང་གི་ཡོད། དཔེར་ན་ཞེ་སྡང་དང་ཕྲག་དོག་དྲག་པོ་སྐྱེས་པ་ཡིན་ན། སེམས་ལ་སྡུག་བསྔལ་ཡོང་གི་ཡོད། དེ་བཞིན་འཇིགས་སྣང་བྱུང་ན་སེམས་ལ་སྡུག་བསྔལ་ཡོང་གི་ཡོད། དེར་བརྟེན་སྡུག་བསྔལ་གཙོ་ཆེ་བ་ཡིད་ལུས་ཀྱི་སྡུག་བསྔལ་ཆགས་ཡོད། དེ་དག་གི་རྒྱུ་ལ་ང་ཚོ་དང་འདོད་བྱེད་ཀྱི་འདུག མི་ཁོང་ཁྲོ་ཅན་དང་མཁྲེགས་པོ་ལ་མི་གྱོང་པོ་ཡིན་པའི་བཟོ་འདྲ་བོ་རྩི་གི་འདུག ཕྲག་དོག་བྱས་ནས་འགྲན་བསྡུར་ཤུགས་ཆེན་པོ་བྱས་པ་ཡིན་ན་མི་དེ་གྱོང་པོ་ཡིན་པའི་བཟོ་འདྲ་བོ་རྩི་ཡི་འདུག དེར་བརྟེན་སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང༌། །སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག ཅེས་གསུང་པ་དེ་འདི་རེད་འདུག
བདེ་བ་ནི་གང་ལྟར་ལུས་ཚོར་གྱི་བདེ་བ་ཡིན་ནའང་གཙོ་བོ་སེམས་ཚོར་གྱི་བདེ་བ་ཆགས་ཡོད། སེམས་ཚོར་བདེ་བ་ཡོང་རྒྱུའི་གཞི་རྩ་ནི། གལ་ཆེ་ཤོས་ཕལ་ཆེར་སེམས་པ་བཟང་པོ་དང་བྱམས་བརྩེའི་བློ་ལྡན་པ་བྱེད་ཀྱི་ཡིན་ན། སེམས་སྐྱིད་པ་ཡོང་རྒྱུ་གསལ་པོ་རེད་འདུག གང་ཡིན་ཞེ་ན། སེམས་དཀྲུག་མཁན་ཞེ་སྡང་དང་ཕྲག་དོག་གིས་སེམས་དཀྲུག་གི་ཡོད། དེ་ཟློག་ཐབས་ནི་གཞན་ལ་བརྩེ་བའི་བློ་དང་། གཞན་ལ་ཕན་བདེ་སྒྲུབ་འདོད་ཀྱི་བློ་བྱུང་བ་ཡིན་ན། ཕྲག་དོག་དང་ཞེ་སྡང་རིགས་ཤུགས་ཆུང་དུ་འགྲོ་རྒྱུ་ཞིག་འདུག འདི་བློའི་འགྲོ་སྟངས་རེད། བདེ་བ་འདོད་ཀྱི་ཡོད་ཀྱང་བདེ་བའི་རྒྱུ་དེ་ཚོ་གྲས་ལ་དོ་སྣང་གང་ཡང་མ་བྱེད་པར་དེ་ལྟར་སྡོད་ཀྱི་འདུག ལྷག་པར་དུ་འཛམ་གླིང་འདིའི་སྟེང་དངོས་པོ་ཡར་རྒྱས་ཁོ་ནར་དམིགས་པའི་ Materialistic oriented Education ཐོག་ནས་ཡོང་གི་ཡོད།
གང་ལྟར་ཕྲག་དོག་དང་འགྲན་སེམས་སོགས་ཀྱི་ཐོག་ནས་ཡར་རྒྱས་འགྲོ་ཡི་ཡོད་པའི་བཟོ་འདྲ་ཞིག་མཐོང་གི་འདུག དེར་བརྟེན་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཡིན་ནའང་བདེ་སྡུག་གི་རྒྱུ་ཡག་པོ་ངོ་མ་ཤེས་པར་སྡུག་བསྔལ་གྱི་རྒྱུ་དང་དུ་བླངས་པའི་བཟོ་འདྲ་ཞིག་དང་། བདེ་བའི་རྒྱུ་ལ་སྣང་ཆུང་ལྟ་བུ་བརྩིས་ནས་འགྲོ་བཞིན་འདུག
དེར་བརྟེན་འཛམ་གླིང་འདིའི་སྟེང་རྙོག་གྲ་ཚང་མ་འདི་འདྲའི་སྟེང་ནས་ཡོང་བཞིན་པ་ཧ་ཅང་གསལ་པོ་རེད་འདུག འཛམ་གླིང་ནང་མི་དུང་ཕྱུར་བདུན་ཅུ་ཙམ་ཡོད་པ་དེ་དག་གིས་བསམ་བློ་གཏོང་རྒྱུ་ཞིག་འདུག གཞན་ང་ཚོས་སེམས་ཅན་ཐམས་ཅད་ཅེས་ཟེར་གྱི་ཡོད་ནའང་འཛམ་གླིང་ལ་མཐའ་དང་མུ་མེད་པ་རེད། དེ་དག་གི་སེམས་ཅན་ལ་སྨོན་ལམ་རྒྱག་རྒྱུ་ཙམ་མ་གཏོགས་ང་ཚོ་དང་ཐད་ཀར་འབྲེལ་བ་གང་ཡང་མེད།
འཛམ་གླིང་འདིའི་སྟེང་གི་སྲོག་ཆགས་དུད་འགྲོ་བྱ་རི་དྭགས་ཉ་རིགས་དེ་ཚོའི་གྲས་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཤ་སྟག་རེད། འོན་ཀྱང་ང་ཚོས་བྱེད་རྒྱུ་གང་ཡང་མི་འདུག ཕྲན་བུ་བྱེད་རྒྱུའི་གོ་སྐབས་ཡོད་པ་ནི། འཛམ་གླིང་འདིའི་སྟེང་གི་མི་དུང་ཕྱུར་བདུན་ཅུ་དེ་དག་རེད། ཀླད་པ་གཅིག་མཚུགས་ཡོད་པ་རེད། དེ་བཞིན་བསམ་བློ་གཏོང་རྒྱུ་གཅིག་པ་ཡོད་པར་བརྟེན་འཛམ་གླིང་འདིའི་སྟེང་གི་མི་དུང་ཕྱུར་བདུན་ཅུ་དེ་དག་སྐད་ཡིག་མི་འདྲ་བ་ཡིན་ནའང་སྐད་ཡིག་མི་འདྲ་བའི་ཐོག་ནས་དངོས་གནས་བདེ་སྐྱིད་ཟེར་རྒྱུ་ནི་གཙོ་བོ་ཡིད་ལུས་ཀྱི་བདེ་སྐྱིད་དང་། སེམས་ཚོར་གྱི་བདེ་སྐྱིད་གལ་ཆེན་པོ་ཡིན་པ་དང་། འདི་དཀྲུག་མཁན་གང་འདྲ་ཡིན་པ་དེ་དག་ཤེས་པ་བྱས་ནས་འགྲོ་རྒྱུ་ནི་ཆོས་དང་འབྲེལ་བའི་སྐད་ཆ་གང་ཡང་མ་རེད། འཕྲོད་བསྟེན་རང་རེད།
ངོས་ཀྱིས་དེང་སྐབས་གཟུགས་པོའི་འཕྲོད་བསྟེན་དང་། དེ་བཞིན་སེམས་ཀྱི་འཕྲོད་བསྟེན་ཞེས་བཤད་ཀྱི་ཡོད། སྐྱེ་བ་ཕྱི་མའི་སྐད་ཆ་བཤད་ཀྱི་ཡོད་མ་རེད། སངས་རྒྱས་པའི་གཞུང་ནས་མཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་རྒྱུ་མང་པོ་གསུང་གི་ཡོད་ཀྱང་སྤྱི་ཡོངས་ཀྱི་དེ་འདྲའི་སྐད་ཆ་གང་ཡང་མིན་པར་འཛམ་གླིང་འདིའི་སྟེང་མི་དུང་ཕྱུར་བདུན་ཅུ་ཙམ་ཡོད་པ་དེ་དག་གང་ལྟར་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་མཁན་ཤ་སྟག་རེད། ལྷག་པར་དེང་སྐབས་ཚན་རིག་པའི་ནང་འཕྲོད་བསྟེན་སྐོར་དོ་སྣང་ཡོད་མཁན་དེ་ཚོའི་གྲས་ཀྱིས་སེམས་ལ་ཞེ་སྡང་ཧ་ཅང་ཤུགས་ཆེན་པོ་བྱུང་ན། ལུས་ཟུངས་མ་ལག་ཉུང་དུ་འགྲོ་བ་དེ་འདྲ་བཤད་ཀྱི་འདུག སེམས་ལ་བྱམས་བརྩེ་ལྡན་པ་ཞིག་དང་། ཕྲན་བུ་ཞི་བདེ་ཡོད་པ་ཡིན་ན། གཟུགས་པོའི་འཕྲོད་བསྟེན་ལ་ཕན་གྱི་ཡོད་པ་འཕྲོད་བསྟེན་གྱི་ཚན་རིག་པ་དེ་ཚོའི་གྲས་ཀྱིས་བཤད་ཀྱི་ཡོད་པ་རེད།
དེ་ནས་གལ་ཆེ་ཤོས་ཤིག་ནི། མིའི་ལྷན་སྐྱེས་རང་བཞིན་ནི་བྱམས་བརྩེ་ལྡན་པ་རེད་འདུག་ཅེས་བཤད་ཀྱི་འདུག འདི་ཧ་ཅང་གལ་ཆེན་པོ་རེད། མི་ནི་སྤྱི་ཚོགས་ཀྱི་སེམས་ཅན་རེད། སྤྱི་ཚོགས་ཀྱི་སེམས་ཅན་ཡིན་མཁན་ཚང་མ་ཚུར་མཉམ་རུབ་བྱེད་རྒྱུ་ཞིག་དང་། ཚུར་བསྡུ་རུབ་བྱེད་པ་དེ་བྱམས་བརྩེའི་འདུས་ཀྱི་ཡོད་པ་རེད་མ་གཏོགས་ཞེ་སྡང་གི་ཕར་ཁ་བྲལ་བ་མ་གཏོགས་ཚུར་འདུ་ཡི་མ་རེད། བྱམས་བརྩེའི་ཚུར་རུབ་རུབ་བཟོ་གི་འདུག མཁྱེན་སོང་ངམ།
དེར་བརྟེན་མིའི་སྤྱི་ཚོགས་ནང་མིའི་རང་བཞིན་ལྷན་སྐྱེས་ནི་བྱམས་བརྩེའི་རང་བཞིན་ཡིན་པ་དང་། དཔེར་ན་ཤེས་གསལ་རེད་ང་ཚོ་ཚང་མ་ཆུང་དུས་སྐབས་ནས་མའི་མངལ་ནས་བཙའ་མ་ཐག་ཏུ་མའི་བྱམས་བརྩེས་སྐྱོང་བཞིན་ཡོད། ཇི་ཙམ་གྱི་ཆུང་དུས་སྐབས་མའི་བྱམས་བརྩེ་ཤུགས་ཆེན་པོ་ཡོད་པའི་ཕྲུ་གུ་དེ་མི་ཚེ་གང་པོ་སེམས་སྐྱིད་པ་དང་ལུས་བདེ་བ་ཡོང་གི་འདུག ཆུང་དུས་སྐབས་མ་དང་ཁ་བྲལ་བའི་བཟོ་འདྲ་བོ་དང་། ཕ་ཡར་དང་མ་ཡར་བཟོ་འདྲ་བོ་དེ་འདྲའི་བྱམས་བརྩེ་དེ་ཙམ་མ་འདང་བའི་བཟོ་འདྲ་བོ་བྱུང་བ་ཡིན་ན། ཕྲུ་གུ་དེ་མི་ཚེ་ཧྲིལ་པོ་སེམས་ནང་འཇིགས་སྣང་དང་དངངས་སྐྲག་ཡོད་པ་ཞིག་ཡོང་བཞིན་འདུག དེར་བརྟེན་ཆོས་ཡོད་ན་རེད་མེད་ནའང་རེད། གང་ལྟར་མིའི་མི་ཚེ་འདི་བདེ་སྐྱིད་འདོད་མཁན་ཤ་སྟག་ཡིན་སྟབས། བྱམས་བརྩེ་ཟེར་རྒྱུ་འདི་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག
དཔེར་ན། འཛམ་གླིང་འདིའི་སྟེང་ཆོས་བརྒྱུད་མི་འདྲ་བ་མང་པོ་ཡོད་པ་རེད། འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་བརྒྱུད་དང་། འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱི་ཆོས་བརྒྱུད། དེ་བཞིན་འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱི་ཆོས་བརྒྱུད་ནང་ཕུང་པོ་ལས་དོན་གཞན་པའི་བདག་འདོད་མཁན། ཕུང་པོ་ལས་དོན་གཞན་པའི་རྟག་གཅིག་རང་དབང་གི་བདག་ཡོད་མ་རེད། ཅེས་བདག་མེད་པའི་ལྟ་བ་གསུང་མཁན་བཅས་མི་འདྲ་བ་འདུག དེ་དག་ཚང་མས་བྱམས་བརྩེ་གསུང་གི་འདུག འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་བརྒྱུད་ཚོས་བྱམས་བརྩེ་ཧ་ཅང་གལ་ཆེན་པོ་བརྩིས་ནས་རྒྱུ་མཚན་དུ་ང་ཚོ་ཚང་མ་འཇིག་རྟེན་བཀོད་པ་པོས་བཀོད་པ་རེད། འཇིག་རྟེན་བཀོད་པ་པོ་གང་འདྲ་ཞིག་ཡོད་རེད་ཅེ་ན་བྱམས་བརྩེའི་བདག་ཉིད་རེད། ཅེས་ཚང་མས་བཤད་ཀྱི་ཡོད། འཇིག་རྟེན་བཀོད་པ་པོའི་དཀོན་མཆོག་ཞེ་སྡང་ཅན་ཞིག་འདུག་ཅེས་སུ་གང་གིས་བཤད་ཀྱི་མེད། གང་ལྟར་ཆོས་ལུགས་ཚང་མ་མིའི་ཆོས་ཆགས་སྟབས། མི་དགའ་མོས་བྱེད་ས་བྱམས་བརྩེ་ཡིན་པར་བརྟེན་མིའི་ཆོས་ལུགས་ཚང་མས་བྱམས་བརྩེ་གསུང་གི་ཡོད། གང་ལྟར་བྱམས་བརྩེ་ཟེར་རྒྱུ་འདི་ཧ་ཅང་གལ་ཆེན་པོ་རེད་འདུག
འཛམ་གླིང་འདིའི་སྟེང་ཞི་བདེ་དངོས་སུ་ཡོང་བར་སེམས་ཀྱི་ཞི་བདེ་དགོས། སེམས་ཀྱི་ཞི་བདེ་ཡོང་བར་བྱམས་བརྩེ་དགོས། བྱམས་བརྩེ་ཡོད་ན་ཞི་བདེ་ཡོང་གི་རེད། བྱམས་བརྩེ་མེད་པར་ཕྲག་དོག་དང་འགྲན་སེམས། ཞེ་སྡང་ལངས་པ་ཡིན་ན། ཕྱིས་སུ་རྣམ་འགྱུར་གང་འདྲ་བཏོན་པ་ཡིན་ནའང་སེམས་ནང་བདེ་སྐྱིད་ཡོང་ཐབས་མེད། དེར་བརྟེན་ང་ཚོ་ས་ཆ་གང་སར་འཛམ་གླིང་ཞི་བདེ་ཅེས་བཤད་བཞིན་ཡོད། འཛམ་གླིང་ཞི་བདེ་ཡོང་བར་སེམས་ཀྱི་ཞི་བདེ་བརྒྱུད་ནས་ཡོང་དགོས། ཞེས་སོགས་ཀྱི་བཀའ་སློབ་སྩལ།།