༢༠༡༨ ཟླ་ ༦ ཚེས་ ༢ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནང་དུ་ཨ་རིའི་ཨེ་མོ་རི་མཐོ་སློབ་ Emory University ཀྱི་དགེ་ལས་སློབ་ཕྲུག་ཁག་གཅིག་དང་། ཨེ་མོ་རི་དང་བོད་ཀྱི་མཐུན་ཚོགས་ Emory-Tibet Partnershipཀྱི་ཚོགས་མི། དེ་བཞིན་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་ཀུན་ཕན་བདེ་རྩ་ཚོགས་པའི་ Foundation for Universal Responsibility ནང་གུ་རུ་ཀུལ་ཟབ་སྦྱོང་ལས་གཞིའི་ Gurukul Program ནང་མཉམ་ཞུགས་གནང་མཁན་སློབ་མ་ཁག་གཅིག་བཅས་ལ་བཀའ་སློབ་སྩལ་འདུག
སྐབས་དེར་ཐོག་མར་༸གོང་ས་མཆོག་གིས་མི་ལོ་ ༥༩ རིང་བཞུགས་སྒར་དྷརྨ་ཤཱ་ལར་༸སྐུ་འཚོ་བཞུགས་མཛད་པར་བརྟེན་ཕ་ཡུལ་གཉིས་པར་ངོས་འཛིན་མཛད་བཞིན་ཡོད་པ་དང་། མགོན་པོ་གང་ཉིད་མཆོག་གི་ཐུགས་སྐྱེད་དམ་བཅའ་བཞིའི་སྐོར་བཀའ་སློབ་སྩོལ་སྐབས་འཛམ་གླིང་ནང་མི་གྲངས་ཐེར་འབུམ་བདུན་ཡོད་པ་རྣམས་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་དགོས་པའི་དུས་ལ་བབ་པ་དང་། གོ་ལའི་ཁོར་ཡུག་དང་དཔལ་འབྱོར་སོགས་ཀྱི་དཀའ་ངལ་དེ་དག་རྒྱལ་མཚམས་དང་ཆོས་ལུགས་ཀྱི་དབྱེ་བ་མེད་པར་འགྲོ་བ་མི་ཀུན་གྱིས་མཉམ་རུབ་ཐོག་ནས་གདོང་ལེན་བྱེད་དགོས་པའི་སྐོར་བཀའ་སློབ་སྩལ་དོན།
ང་ཚོ་ཚང་མ་ལུས་སེམས་དང་སེམས་ཚོར་གང་གི་ཆ་ནས་འགྲོ་བ་མི་གཅིག་གྱུར་ཡིན། ཕན་ཚུན་ཉམས་མྱོང་བརྗེ་ལེན་ཐོག་ནས་སེམས་ནང་ཞི་བདེ་གོང་འཕེལ་གཏོང་ཐུབ། འཛམ་གླིང་ནང་གི་ཆོས་ལུགས་གཙོ་ཆེ་བ་རྣམས་ཀྱིས་བྱམས་པ་དང་བརྩེ་བ། བཟོད་བསྲན། ཚུལ་ཁྲིམས་སོགས་ཀྱི་བསླབ་བྱ་གཅིག་མཚུངས་གསུང་ཡོད། དེར་བརྟེན་ངོས་ཀྱིས་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུའི་ལས་འགན་དེ་གལ་ཆེ་ཤོས་གཉིས་པར་རྩི་བཞིན་ཡོད། ལྷག་པར་ཆོས་མིང་ཐོག་ནས་དམག་འཁྲུག་དང་མི་གསོད་ཁྲག་སྦྱོར་ཟེར་བ་ཧ་ཅང་ཐབས་རྡུགས་རེད།
རྒྱ་གར་ལ་གཟིགས་དང་། ལོ་ངོ་སྟོང་གི་རིང་ནས་ཆོས་ལུགས་མཐུན་སྒྲིལ་ལག་བསྟར་བྱེད་བཞིན་ཡོད། རྒྱ་གར་རང་གི་ནང་དར་བའི་ཆོས་ལུགས་ཁག་ཕུད་ཕྱི་ནས་རྒྱ་གར་ནང་དར་བའི་ཆོས་ལུགས་དཔེར་ན་ཛོ་ར་ཨསི་ཊེན་ Zoroastrianism ལྟ་བུར་མཚོན་ན་ཐོག་མའི་འབྱུང་ཁུངས་དེ་སྔ་པར་ཤིའམ་ Persia དེང་སྐབས་ཨི་རཱན་ Iran དུ་གྲགས་པ་དེ་ནས་རིམ་བཞིན་རྒྱ་གར་ནང་དར་ནས་ད་ཆ་རྒྱ་གར་ནང་རྗེས་འབྲངས་པ་མི་གྲངས་ ༡༠༠༠༠༠ ཙམ་ལས་མེད་ཀྱང་གྲོང་ཁྱེར་མུམ་བྷེའི་ Mumbai ནང་འཇིགས་ཞུམ་རྩ་བ་ནས་མེད་པར་ཞི་བདེའི་ངང་གནས་བཞིན་ཡོད། དེ་ནི་རྒྱ་གར་གནའ་རབས་ཀྱི་སྲོལ་བཟང་མིག་དཔེར་འོས་པ་ཞིག་ཡིན། རྒྱ་གར་རིག་གཞུང་ཟེར་ན་དེ་འདྲ་ཞིག་ལ་གོ་བ་རེད།
དེས་ནས་ངོས་ལ་མཚོན་ན་བོད་མི་ས་ཡ་དྲུག་གིས་རེ་བ་དང་ཡིད་ཆེས་བྱེད་བཞིན་ཡོད། དེར་བརྟེན་བོད་མི་ཚོར་གང་ཐུབ་རོགས་པ་བྱ་རྒྱུ་དེ་ངོས་ཀྱི་ལས་འགན་ཡིན། ཕྱི་ལོ་ ༢༠༠༡ ནས་ངོས་ཀྱི་བོད་མིའི་ཆབ་སྲིད་ཀྱི་ལས་འགན་ནས་ཕྱེད་རྒན་ཡོལ་བྱས་ནས་བསྡད་རྗེས་ཕྱི་ལོ་ ༢༠༡༡ ལོར་ངོས་ཀྱིས་བོད་མིའི་ཆབ་སྲིད་ཀྱི་དབང་ཆ་ཡོངས་རྫོགས་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་འགོ་ཁྲིད་ལ་རྩིས་སྤྲོད་བྱས་པ་ཡིན། དེར་བརྟེན་ད་ཆ་ངོས་ཀྱིས་བོད་ཀྱི་ཁོར་ཡུག་ཧ་ཅང་འཇིག་སླ་བ་དེ་དག་སྲུང་སྐྱོབ་ཐོག་འབད་བརྩོན་བྱེད་བཞིན་ཡོད། གང་ཡིན་བརྗོད་ན་བོད་ཀྱི་ཁོར་ཡུག་གནད་དོན་དེ་བོད་མི་ཡ་དྲུག་གི་གནད་དོན་ཙམ་ཞིག་མ་རེད། རྒྱ་མིའི་ཚན་རིག་པ་ཞིག་ནས་ཀྱང་གོ་ལའི་གནམ་གཤིས་ལ་བོད་ཀྱི་ཁོར་ཡུག་གི་ཤུགས་རྐྱེན་སྤྲོད་སྟངས་དེ་འཛམ་གླིང་ལྷོ་སྣེ་ The South pole བྱང་སྣེ་ The North Pole བཅས་སྣེ་གཉིས་དང་གཅིག་མཚུངས་སྤྲོད་བཞིན་ཡོད་པ་དངོས་ཡོད་བརྟག་དཔྱད་ཀྱི་ལམ་ནས་ར་སྤྲོད་ཐུབ་པ་བྱུང་ཡོད།
དེར་བརྟེན་བོད་ལ་འཛམ་གླིང་གི་སྣེ་གསུམ་པ། Third Pole ཞེས་ཁོང་གིས་འབོད་པ་རེད། ཨེ་ཤི་ཡ་ཁྱོན་ཡོངས་ནས་མི་འབོར་ཐེར་འབུམ་ཙམ་གྱི་འཚོ་བ་བོད་ཀྱི་གཙང་པོ་དང་འབྲེལ་བ་ཆགས་ཡོད། དཔེར་ན་སེངྒེ་གཙང་པོ་ Indus དང་ཡར་ཀླུངས་གཙང་པོ། Brahmaputra རྨ་བྱ་ཁ་བབ་ Ganges དེ་བཞིན་རྒྱལ་མོ་རྔུལ་ཆུ་ Salween དང་། རྫ་ཆུ་ Mekong སོགས་གཙང་པོ་དེ་དག་གི་ཆུ་མགོ་བོད་ཆགས་ཡོད། གལ་ཏེ་བོད་མཐོ་སྒང་གི་འཁྱགས་རོམ་དེ་དག་ཞུས་ནས་རྩ་མེད་དུ་ཕྱིན་པ་ཡིན་ན་རྒྱ་གར་ནང་མི་འབོར་ས་ཡ་མང་པོར་དཀའ་ངལ་འཕྲད་ངེས་ཡིན། ཞེས་སོགས་བཀའ་སློབ་སྩལ་རྗེས་༸གོང་ས་མཆོག་གིས་དེང་སྐབས་ནང་པ་སངས་རྒྱས་པའི་གཞུང་ལུགས་ལ་ཐོས་བསམ་སློབ་གཉེར་མཐིལ་ཕྱིན་པ་ཞིག་གནང་དགོས་ཚེ་བོད་སྐད་ནང་མ་གཏོགས་སྐད་ཡིག་གཞན་ནང་ཧ་ལམ་ཁག་པོ་ཡིན་སྐོར་བཀའ་སློབ་སྩལ་དོན། རྒྱ་གར་གནའ་རབས་དཔལ་ནཱ་ལེནྡ་ནས་བརྒྱུད་པའི་ལེགས་བཤད་དེ་དག་གཙོ་བོ་ཚད་མའི་ལམ་ནས་རྒྱུ་མཚན་བཀོད་དེ་དཔྱད་པ་གཙོ་བོར་བྱས་པ་མ་གཏོགས་ལུང་ཙམ་གྱི་རྗེས་སུ་འབྲངས་ནས་འགྲོ་རྒྱུ་མིན་སྟབས་ཚན་རིག་པའི་ལངས་ཕྱོགས་དང་ཧ་ཅང་མཐུན་པོ་ཡོད།
དེང་སྐབས་འཛམ་གླིང་ནང་མིའི་བསམ་བློར་རེ་དོགས་སོགས་རྣམ་རྟོག་རུ་འཛིངས་པ་ལ་བརྟེན་ནས་སེམས་ཀྱི་དཀའ་ངལ་ཧ་ཅང་ཡོད་པའི་སྐབས་འདིར། རྒྱ་གར་གནའ་རབས་སྲོལ་རྒྱུན་ལམ་ལུགས་ནང་དར་བའི་ཞི་གནས་དང་ལྷག་མཐོང་གི་ཉམས་ལེན་སྐོར་དཔལ་ནཱ་ལེནྡའི་གཞུང་ནས་རྒྱས་བཤད་ཡོད་པ་དེ་དག་གིས་མི་མཐུན་ཕྱོགས་ཀྱི་བློ་དེ་དག་ལ་གཉེན་པོ་བསྟེན་ནས་སེམས་ཞི་བདེ་བག་ཕེབས་ཡོང་རྒྱུར་ཧ་ཅང་ཕན་ཐོགས་ཡོད་པར་བརྟེན་ལེགས་བཤད་དེ་དག་དུས་དེང་སྐབས་སུའང་འབྲེལ་བ་ཧ་ཅང་ཡོད། རྒྱུ་མཚན་དེ་དག་ལ་བརྟེན་ནས་ངོས་ཀྱིས་ལེགས་བཤད་དེ་དག་གཙོ་བོ་རྒྱ་གར་རང་གི་ནང་དུ་བསྐྱར་གསོ་ཡོང་ཐབས་ཆེད་འབད་བརྩོན་བྱེད་བཞིན་ཡོད། རྒྱ་གར་ནང་གནའ་དེང་ཤེས་ཡོན་ཟུང་འབྲེལ་ཐོག་ནས་འགྲོ་ཐུབ་རྒྱུ་ཡིན་པ་ངོས་ལ་ཡིད་ཆེས་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་དྲི་བ་རྣམས་ལ་བཀའ་ལན་མཛད་པ་བཅས།