ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༧ རེས་གཟའ་ཕུར་བུ།
༄༅། །འདི་གར་བྱང་ཨ་རི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༤ ཉིན་བྱང་ཨ་རི་སྐུ་ཚབ་དོན་གཅོད་མཆོག་དང་། སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་རྣམ་གཉིས་ ༼རྒྱ་ནག་གྲོས་མོལ།༽ (Dialogue China) ཞེས་པའི་ཚོགས་པ་དབུ་འབྱེད་ཀྱི་མཛད་སྒོར་མགྲོན་འབོད་ལྟར་། སྐུ་ཚབ་དོན་གཅོད་མཆོག་གིས་མཛད་སྒོར་གསུང་བཤད་གནང་ཡོད།
“རྒྱ་ནག་གྲོས་མོལ།”(Dialogue China) ཞེས་པའི་ཚོགས་པ་དེ་ནི་ཕྱི་ལོ་ ༡༩༨༩ ལོའི་དྲུག་བཞིའི་མང་གཙོའི་ལས་འགུལ་སྐབས་སློབ་ཕྲུག་གི་འགོ་ཁྲིད་གྲས་ཡིན་པ་དང་། དེང་སྐབས་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་ཉེ་འགྲམ་དུ་ཡོད་པའི་རྒྱ་རིགས་མང་གཙོ་དོན་གཉེར་བ་ཝང་ཏན་ Wang Dan ལགས་ཀྱིས་བཙུགས་པའི་བསམ་མཛོད་ (Think Tank) ཚོགས་པ་ཞིག་ཡིན་ཞིང་། དྲུག་བཞིའི་མང་གཙོའི་ལས་འགུལ་བྱུང་ནས་མི་ལོ་ ༢༩ འཁོར་བའི་དུས་ཚེས་ཏེ་ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༤ ཉིན་ཝ་ཤིང་ཀྲོན་ཌི་སི་རུ་དབུ་འབྱེད་གནང་ཡོད།
དབུ་འབྱེད་མཛད་སྒོར་ཨ་རིའི་མང་གཙོ་ཡར་རྒྱས་ཐེབས་རྩ་ཁང་ (NED) གི་འགན་འཛིན་ཁཱོལ་གྷ་ཤི་མན་(Carl Gershman) ལགས་དང་། བྱང་ཨ་རི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་མཆོག གཞན་ཡང་ཨོ་སི་ཀྲོ་ལི་ཡ་དང་། ཀེ་ལི་ཕོ་ནི་ཡ། ནིའུ་ཡོག ཝ་ཤིང་ཀྲོན། མེ་རི་ལན་ཌ། ཧོང་ཀོང་། ཐེ་ཝན་བཅས་ས་གནས་འདྲ་མིན་གྱི་ཞིབ་འཇུག་པ་དང་། མང་གཙོ་དོན་གཉེར་བ། ཁྲིམས་རྩོད་པ། ལས་འགུལ་བ། དཔྱད་གཏམ་པ། གསར་འགོད་པ་སོགས་ཁྱོན་མི་གྲངས་ ༥༠ ཙམ་གདན་ཞུ་གནང་ཡོད།
སྐུ་ཚབ་དོན་གཅོད་མཆོག་གིས་གསུང་བཤད་གནང་སྐབས། དེ་རིང་སྐུ་ཞབས་ཝང་ཏན་ལགས་ཀྱིས་ “རྒྱ་ནག་གྲོས་མོལ།”(Dialogue China) ཞེས་པའི་ཚོགས་པ་དབུ་འབྱེད་གནང་ཐུབ་པར་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུས་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རབས་ཉེར་གཅིག་པ་ནི་གྲོས་མོལ་གྱི་དུས་རབས་ཤིག་ལ་ངོས་འཛིན་མཛད་བཞིན་ཡོད་པ་ལྟར། ཝང་ཏན་ལགས་ཀྱིས་ཀྱང་ “རྒྱ་ནག་གྲོས་མོལ།” ཞེས་པའི་ཚོགས་པའི་ལས་དོན་ལམ་ལྷོངས་ཡོང་བ་དང་། དེ་ཡང་མགོ་ཡོད་ལ་མཇུག་ཡོད་པའི་བསམ་མཛོད་ཚོགས་པ་ཡག་པོ་ཞིག་ཆགས་ཐུབ་པའི་རེ་བ་དང་སྨོན་ལམ་ཡོད་ཅེས་དང་།
གཞན་ཡང་དོན་གཅོད་མཆོག་གིས་དེ་རིང་ནི་དྲུག་བཞིའི་མང་གཙོའི་ལས་འགུལ་བྱུང་ནས་ལོ་ ༢༩ འཁོར་བའི་དུས་ཚེས་འཁེལ་སྟབས། སྐབས་དེའི་མང་གཙོའི་ལས་འགུལ་ནང་འདས་གྲོངས་སུ་གྱུར་བ་རྣམས་ལ་བསྔོ་སྨོན་དང་། ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལིའུ་ཞའོ་པོ་(Liu Xiaobo) ལགས་དང་། ཁོང་གི་རྗེས་ཤུལ་ནང་མི་རྣམས་ལ་གོ་སྐབས་འདི་བརྒྱུད་རྗེས་དྲན་གནང་ཡོད་པ་མ་ཟད། ལིའུ་ཞའོ་པོ་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་རྗེས་བོད་མིའི་སྒྲིག་འཛུགས་ནས་ལས་ཁུངས་ཁག་གི་ལས་མཚམས་བཞག་སྟེ། གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་པའི་གནས་ཚུལ་ཡང་དྲན་གསོ་གནང་ཡོད་པ་རེད།
ཨ་རིའི་མང་གཙོ་ཡར་རྒྱས་ཐེབས་རྩ་ཁང་གི་འགན་འཛིན་ཁཱོལ་གྷ་ཤི་མན་ལགས་དང་། ཝན་ཏན་ལགས། ཝང་ཇུན་ཐའོ་ལགས།(Wang Juntao) སུ་ཞའོ་ཁང་ལགས། (Su Xiaokang) ཧུའུ་ཕིང་ལགས།( Hu Ping ) བཅས་ནས་ཀྱང་མཛད་སྒོར་གསུང་བཤད་མདོར་བསྡུས་རེ་གནང་སྟེ། དྲུག་བཞིའི་མང་གཙོའི་ལས་འགུལ་ལ་དྲན་གསོ་དང་། “རྒྱ་ནག་གྲོས་མོལ།” ཞེས་པའི་བསམ་མཛོད་ཚོགས་པ་གསར་པའི་མ་འོངས་ལས་དོན་བྱེད་ཕྱོགས་སྐོར་ངོ་སྤྲོད་གནང་ཡོད་པ་རེད།
སྐུ་ཚབ་དོན་གཅོད་ཁང་ནས་རེ་སྐུལ་ཞུས་པ་བཞིན་ནིའུ་ཡོག་གྲོང་ཁྱེར་ནང་ཡོད་པའི་སེར་བྱེས་ནང་པའི་རིག་གཞུང་བསྟི་གནས་ཁང་གིས་ཝ་ཤིང་ཀྲོན་ཌི་སི་རུ་ཆེད་གཏོང་གནང་བའི་དགེ་བཤེས་བློ་བཟང་བདེ་ཆེན་ལགས་དང་། དགེ་བཤེས་ཚེ་རིང་རྡོ་རྗེ་ལགས་ཀྱིས་བོད་བརྒྱུད་ནང་བསྟན་པའི་ལུགས་སྲོལ་གྱི་ཐོག་ནས་དྲུག་བཞིའི་མང་གཙོའི་ལས་འགུལ་སྐབས་དྲག་གནོན་འོག་འདས་གྲོངས་སུ་ཕྱིན་པ་རྣམས་ཀྱི་ཆེད་དུ་བསྔོ་བ་སྨོན་ལམ་གསུང་འདོན་གནང་ཡོད་པ་རེད།
ཉིན་རྒྱབ་ “རྒྱ་ནག་གྲོས་མོལ།” ཞེས་པའི་བསམ་མཛོད་ཚོགས་པའི་བགྲོ་གླེང་ཚོགས་འདུ་ཐེངས་དང་པོ་དང་། ཚོགས་འདུ་ཚར་རྗེས་ཀྱི་དགོང་དྲོའི་སྣེ་ལེན་གསོལ་སྟོན་ལ་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་ལགས་མཉམ་ཞུགས་ཀྱིས་བོད་དོན་སྐོར་གླེང་སློང་གནང་ཡོད་པ་བཅས།