ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༢ རེས་གཟའ་སྤེན་པ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ནས་འདི་ལོ་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ ལོར་སྲུང་བརྩི་ཞུ་རྒྱུ་ཡིན་པ་དང་སྟབས་བསྟུན། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་བོད་པའི་གཞོན་སྐྱེས་རྣམས་ཀྱི་འཕྲོད་བསྟེན་དང་། གཞོན་སྐྱེས་ནང་ཁུལ་གྱི་འབྲེལ་ལམ་སོགས་ཀྱི་ཆེད། ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡ ཉིན་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་རྩེད་ཐང་དུ་ཕྱི་ཚེས་ ༡ ནས་ ༡༠ བར་ཉིན་བཅུའི་རིང་བོད་ཀྱི་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཆེན་མོ་ཞིག་འགོ་བཙུགས་གནང་སོང་།
གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་རྡ་སའི་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཇེ་སིང་མོན་ཀོ་ཊི་ཡ་ Ajay Singh Mankotia ལགས། དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་རྒྱུན་ལས་རྣམ་པ། གཞན་ཡང་ཚོགས་པ་ཁག་གི་ལས་སྣེ་རྣམ་པ། ས་གནས་ཁག་བཅུ་དྲུག་ནས་ཕེབས་པའི་རྩེད་འགྲན་པ་རྣམ་པ། དེ་བཞིན་ས་གནས་མི་མང་བཅས་ཚང་འཛོམས་ཀྱིས་རྩེད་འགྲན་དབུ་འབྱེད་ཀྱི་མཛད་སྒོ་ཞིག་ཚོགས་གནང་ཡོད།
སྐབས་དེར་མཛད་སྒོའི་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་དང་སྦྲགས་གསུང་དོན། བར་ལམ་ནས་བཙན་བྱོལ་སྤྱི་ཚོགས་ནང་སྒྲིག་འཛུགས་འདྲ་མིན་གྱིས་ལས་དོན་སྣ་ཚོགས་གོ་སྒྲིག་གནང་གི་ཡོད། དཔེར་ན་ང་རང་ཚོའི་གནས་ཚང་བོད་དོན་རྒྱབ་སྐྱོར་བ་རེད། དེ་བཞིན་སྤྱི་ཚོགས་ནང་འགན་འཁྱེར་མཁན། བོད་པའི་རྩ་དོན་དེ་རྒྱལ་སྤྱིའི་ནང་སླེབས་ཐུབ་ན་བསམ་པའི་ཐུགས་རེ་ཡོད་མཁན་ཚོས་གོ་སྒྲིག་ཞུས་པའི་ལས་དོན་མང་པོའི་ནང་ང་རང་བཅར་རྒྱུའི་གོ་སྐབས་བྱུང་། ལྷག་པར་དུ་ད་ལྟ་གོང་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོའི་གཏམ་བཤད་སྐབས་ཞུས་པ་གཞིར་བཟུང་། ད་ལོ་བོད་མིའི་སྒྲིག་འཛུགས་ནས་རྒྱ་གར་གྱིས་གཙོས་རྒྱལ་སྤྱིའི་གཞུང་མང་གཉིས་ལ་བཀའ་དྲིན་རྗེས་དྲན་དང་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་ཞུ་རྒྱུ་ཆགས་བསྡད་ཡོད། དེ་འདྲ་ཡིན་ཙང་བོད་མིའི་སྒྲིག་འཛུགས་ངོས་ནས་ཐུགས་རྗེ་ཆེ་ཞུའི་ལས་འཆར་སྣ་མང་རིམ་པར་གནང་བཞིན་ཡོད་པ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་ས་གནས་སོ་སོའི་ལས་ཁུངས་ཀྱིས་སོ་སོའི་ས་གནས་ལ་དཔག་པའི་རྒྱ་གར་ལ་ཐུགས་རྗེ་ཆེ་ཞུའི་ལས་རིམ་གོ་སྒྲིག་ཞུ་ཡི་ཡོད།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་འགན་འཁྱེར་ནས་ཕྱར་གྲུ་མཉམ་འདེགས་གནང་རྒྱུའི་ཆེད། ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་ཀྱི་དགོངས་དོན་གཞིར་བཟུར་ཕྱག་བསྟར་གནང་སྟེ། དེ་རིང་འདིར་རྐང་རྩེད་སྤོ་ལོའི་འགྲན་བསྡུར་དེ་ཡང་རྒྱ་གར་གཞུང་མང་གཉིས་དང་། བྱེ་བྲག་ཏུ་ཧི་མཱ་ཅལ་མངའ་གཞུང་དང་མི་མང། བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་ཆགས་སའི་བཞུགས་སྒར་རྡ་སའི་རྫོང་དང་མི་མང་ཡོངས་རྫོགས་ལ་ཐུགས་རྗེ་ཆེ་ཞུའི་ངོ་བོའི་ཐོག་ནས་བོད་ཀྱི་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་འདི་ལྟ་བུ་ཞིག་གོ་སྒྲིག་ཞུས་ཐུབ་པར། ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་བསྔགས་བརྗོད་ཞུ་རྒྱུ་ཡིན།
རྩ་བའི་དེ་རིང་འདིར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་དང་པོ་གོ་སྒྲིག་གནང་བ་དང་། དེ་ནི་ནམ་རྒྱུན་རྩེད་འགྲན་རིམ་པ་མང་པོ་གོ་སྒྲིག་གནང་བའི་ནང་ནས་གཅིག་ཆགས་ཀྱི་ཡོད་རེད། གཞི་རྩའི་བོད་ཀྱི་ལོ་རྒྱུས་ནང་བལྟས་པ་ཡིན་ན། བོད་ནང་རྐང་རྩེད་སྤོ་ལོའི་རུ་ཁག་བྱུང་ཡོད་པ་དང་། ང་ཚོ་བཙན་བྱོལ་ནང་སླེབས་རྗེས་ཡར་རྒྱས་ཆེན་པོ་བྱུང་ཡོད། སྔོན་མ་རང་དབང་ལུང་པའི་ནང་ཡོད་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་དང་། ད་ལྟ་བཙན་བྱོལ་ནང་ཡོད་པའི་སྐབས་སུ་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གཉིས་སྤྱིའི་ཆ་ནས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གཅིག་པ་རེད་ཀྱང་། ངོ་བོ་དང་རྣམ་པའི་ཐོག་ནས་བཙན་བྱོལ་ནང་མི་ལོ་ ༦༠ འཁོར་ལ་ཉེ་བའི་གནས་སྐབས་དེའི་ནང་སྡིངས་ཆ་ཐོབ་ཐབས་དང་། བོད་ཀྱི་ངོ་བོ་མཚོན་སྟངས། དེ་བཞིན་འཛམ་གླིང་རྒྱལ་ཁབ་གཞན་གྱི་ནང་སྡིངས་ཆ་སྐྲུན་ཐབས། རྒྱབ་སྐྱོར་ཐོབ་ཐབས་ཀྱི་རྣམ་པ་མི་འདྲ་བ་ཞིག་ཆགས་ཡོད།
རྣམ་པ་ཚོས་དགོངས་པ་མངའ་གསལ་བཞིན་ད་ལྟ་ཨིན་ ཇིའི་རྒྱལ་ས་ལོན་ཌོན་དུ་འཛམ་གླིང་རྐང་རྩེད་སྤོ་ལོའི་རྩེད་འགྲན་ CONIFA World Football Cup 2018 རྩེ་བཞིན་ཡོད་པ་དང་། དེའི་ནང་གཉའ་གནོན་དང་བཙན་གནོན་འོག་ཡོད་པའི་འཛམ་གླིང་གི་རྒྱལ་ཁབ་ཁག་དང་། ཆེད་རང་བཙན་ཡིན་པའི་རྒྱལ་ཁབ་ཚོས་མཉམ་ཞུགས་གནང་གི་ཡོད་པ་དེར་བོད་པའི་རུ་ཁག་ཀྱང་མཉམ་ཞུགས་གནང་ཐུབ་པ་དེ་བོད་པའི་ལོ་རྒྱུས་ཀྱི་རང་བཞིན་ཞིག་དང་། རྐང་རྩེད་སྤོ་ལོའི་འགྲན་བསྡུར་ལམ་གྱི་སྡིངས་ཆ་ཆེན་པོ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། རྡ་སར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་པ་དེ་ཡང་རྩེད་མོ་ཞིག་དང་། འགྲན་བསྡུར་ཙམ་མ་ཡིན་པར་ང་ཚོའི་གནས་བབ་ཐོག་ནས་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་རེད།
རྩ་བའི་ང་ཚོ་ཐང་སྟེང་ལ་མར་ཐོན་ནས་སྒྱུ་སྩལ་དང་ལུས་སྦྱོང་གི་ཐོག་ནས་རྩེད་མོ་རྩེ་རྒྱུ་ཞིག་ཆགས་ཡོད་པ་དང་། ད་ལྟ་གོང་དུ་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་དམིགས་བསལ་སྐུ་མགྲོན་རྣམ་གཉིས་ཀྱིས་གསུངས་པ་ལྟར་ང་ཚོ་དེ་རིང་ནང་ཁུལ་གྱི་འགྲན་བསྡུར་རེད། དེ་ལ་ས་ཐག་རིང་པོ་ནས་ཕེབས་ཏེ་འདིར་མཉམ་དུ་འཛོམས་ནས་མཇལ་འཕྲད་ཅིག་ཀྱང་ཡོང་གི་ཡོད། ཡིན་ནའང་ང་ཚོ་སྡིངས་ཆ་གཞན་དག་ཅིག་ལ་སླེབས་པའི་སྐབས་སུ་བོད་མི་རིགས་ཀྱི་ངོ་བོ་དང་། བོད་ཟེར་བ་དེ་རྒྱལ་ཁབ་གཅིག་ཡིན་པ། མི་རིགས་ཡོད་པ་དེ་རྒྱ་ནག་གཞུང་གིས་རྩ་བརླག་དང་རྩ་མེད་བཟོ་བཞིན་ཡོད་ཀྱང་། ང་ཚོས་ཆུ་བོ་རྒྱུན་ལྡན་བཞིན་སྲ་ཐག་ཐག་གནས་ཐུབ་ཡོད་པ། ང་ཚོའི་འཐབ་རྩོད་མུ་མཐུད་སྙུག་བསྲིངས་ནས་འཛམ་གླིང་དེའི་སྟེང་མ་ཡལ་བ་བྱེད་བཞིན་པའི་རྣམ་པ་དེ་རྣམས་ཕྱིར་སྟོན་དགོས་པ་གལ་ཆེན་པོ་མཐོང་།
རྐང་རྩེད་སྤོ་ལོ་དེ་འགྲན་བསྡུར་གྱི་ངོ་བོ་ཞིག་ཡིན་ཡང་། རྩེད་འགྲན་དེའི་ལོ་རྒྱུས་རྒྱབ་ལྗོངས་ཡོད་པ་རྣམས་ཤེས་དགོས་རྒྱུ་གལ་ཆེན་པོ་ རེད། ལོ་རྒྱུས་ཐོག་ནས་བོད་ནང་རྐང་རྩེད་སྤོ་ལོ་དེ་ཨིན་ཇི་བརྒྱུད་ནས་དར་ཡོང་བ་ཞིག་རེད། དེ་བཞིན་རྩེད་འགྲན་དེ་ག་དུས་བྱུང་བ་དང་། ག་བར་བྱུང་བ། ག་རེ་བྱས་ནས་བྱུང་བ་རྣམས་རྩེད་འགྲན་པ་རྣམས་ཀྱིས་མཁྱེན་ཐུབ་པ་བྱེད་དགོས་རྒྱུ་ཤིན་ཏུ་ནས་གལ་ཆེན་པོ་རེད། ཕྱི་ལོ་ ༡༨༨༣ ཟླ་ ༡༢ ཚེས་ ༡༩ ཉིན་ཨིན་ཇིའི་ལོན་ཌོན་གྲོང་ཁྱེར་ཞིག་ལ་ཐོག་མར་དར་བ་དང་། དེ་ཡང་གྲལ་རིམ་མི་སྣ་ཚོའི་སེམས་པ་གུ་ཡངས་ཆེད་འགོ་འཛུགས་ཡོད། རིམ་པས་དེང་སང་འཛམ་གླིང་རྒྱལ་ཁབ་ཁག་ ༢༠༠ ལྷག་དང་། རྩེད་འགྲན་ལོངས་སུ་སྤྱོད་མཁན་མི་གྲངས་ས་ཡ་ ༢༥༠ ཙམ་ཡོད།
དེ་བཞིན་ World Olympic རྒྱལ་སྤྱིའི་རྩེད་འགྲན་ཆེན་མོའི་འགྲན་བསྡུར་ནང་ཐོག་མར་ ༡༩༠༠ ལོར་སྐྱེས་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་དེ་མཉམ་ཞུགས་གནང་ཡོད་པ་དང་། དེ་ནས་ ༡༩༩༦ ལོར་གཞི་ནས་བུད་མེད་ཚོའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཀྱང་མཉམ་ཞུགས་བྱེད་འགོ་བཙུགས་ཡོད། རྩེད་མོ་དང་འགྲན་བསྡུར་ཙམ་མ་ཡིན་པར་དེའི་ལོ་རྒྱུས་ཤེས་པའི་ཐོག་ནས་མཉམ་ཞུགས་ བྱེད་པ་ཡིན་ན་ཡག་པོ་ཡོད།
དེ་བཞིན་ང་ཚོ་བཙན་བྱོལ་ནང་ཆ་བཞག་པ་ཡིན་ན། བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་ཡུམ་ཆེན་མོའི་དྲན་རྟེན་ཆེད། རྒྱལ་ཡུམ་ཆེན་མོ་དྲན་རྟེན་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐོག་མར་རྡ་སར་འགོ་བཙུགས་གནང་བ་དང་། བར་ལམ་ནས་རྒྱ་གར་ས་ཁུལ་སྣ་ཚོགས་ནང་རྩེད་འགྲན་གནང་བཞིན་ཡོད། ཕལ་ཆེར་རྒྱལ་ཡུམ་ཆེན་མོའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐོག་མར་དབུ་འཛུགས་སྐབས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱང་རྩེད་འགྲན་གྱི་ཚོགས་ཆུང་ནང་མཉམ་ཞུགས་ཡོད་པ་གོ་ཐོས་བྱུང་། དེ་བཞིན་དེ་རིང་བོད་ཀྱི་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་འགོ་བཙུགས་ཐུབ་པ་དེ་གཙོ་བོ་ ༸གོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་དང་། ཡང་སྒོས་རྩེད་འགྲན་དངོས་སུ་འགོ་བཙུགས་གནང་མཁན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་དཀའ་ལས་བརྒྱབ་པའི་འབྲས་བུ་རེད་ཅེས་ཞུ་འདོད་བྱུང་།
ང་རང་བོད་རིགས་དང་བོད་རིགས་མ་ཡིན་པའི་སྐུ་སྐྱེས་མའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཞིག་དང་། ཧི་མཱ་ཅལ་མངའ་སྡེའི་གསར་འགྱུར་བརྒྱུད་ལམ་ཞིག་གིས་རྡ་ས་ཉེན་རྟོག་ཐང་ཆེན་དུ་གོ་སྒྲིག་གནང་བའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་བཅས་གཉིས་ལ་དམིགས་བསལ་སྐུ་མགྲོན་དུ་བཅར་རྒྱུ་བྱུང་། སྐབས་དེ་དུས་ཀྱང་བཀའ་མོལ་ཞུ་རྒྱུ་བྱུང་།
དེ་རིང་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ནང་ཡོད་མཁན་རྩེད་འགྲན་པ་ཡོངས་ཀྱིས་འཛམ་གླིང་ནང་གི་སྙན་གྲགས་ཅན་གྱི་རྩེད་འགྲན་པའི་མིང་ཤེས་ཀྱི་ཡོད་པར་ཡིད་ཆེས་ཡོད། རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་སླེབས་ལ་ཉེ་བ་སོང་ཙང་། འཛམ་གླིང་རྐང་རྩེད་སྤོ་ལོ་རྩེད་མཁན་གྲགས་ཅན་པ་པེ་ལི་ Pele དང་། མ་ར་ཌོ་ན Maradona དེ་བཞིན་རོ་ནལ་ཌོ Ronaldo ལྟ་བུ་ཡོང་མ་ཐུབ་རུང། རྒྱ་གར་ནང་གི་བོད་ཀྱི་རྩ་དོན་ཐོག་བློ་ཉེ་པོ་ཡོད་མཁན་རྐང་རྩེད་སྤོ་ལོ་རྩེད་མཁན་གྲགས་ཅན་པ་ Bhaichung Bhutia ལྟ་བུ། བོད་པའི་སྤྱི་ཚོགས་ནས་མ་འོངས་པར་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ནང་བོད་པ་རང་གི་མིང་ཐོག་ནས་རྐང་རྩེད་སྤོ་ལོ་གྲགས་ཅན་ཆགས་ཐུབ་པའི་འབད་བརྩོན་བྱེད་ན་ཡག་པོ་ཡོད་པ་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས་དེ་རིང་གི་རྩེད་འགྲན་འགོ་འཛུགས་ཀྱི་གསལ་བསྒྲགས་གནང་སོང་།
ཕྱོགས་མཚུངས་དབུ་འབྱེད་མཛད་སྒོའི་ཐོག་དམིགས་བསལ་སྐུ་མགྲོན་དང་། གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོས་ཀྱང་གསུང་བཤད་གནང་ཡོད་པ་བཅས།