༢༠༡༨ ཟླ་ ༥ ཚེས་ ༩ རེས་གཟའ་ལྷག་པ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་དང་ཉེ་རབས་བོད་ཀྱི་ལོ་རྒྱུས་ཐོག་ཕྱི་དྲིལ་འགྲེམས་སྟོན་ཚན་པས་པར་རིས་འགྲེམས་སྟོན་ཞིག་གོ་སྒྲིག་གནང་འདུག དེ་ཡང་ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༥ ནས་ ༦ བཅས་ཉིན་གྲངས་གཉིས་རིང་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་གི་ཇེག་སེན་ཧཡིཌ་Jackson Heightsཁུལ་དུ་རྟེན་གཞི་བྱས་པའི་རྒྱ་གར་ལྷ་ཁང་སཏྱཱ་ནཱ་རཱ་ཡན་ Satya Narayan Mandir ཞེས་པར་པར་རིས་འགྲེམས་སྟོན་ཞིག་གོ་སྒྲིག་གནང་འདུག ནེའུ་ཡོག་གྲོང་ཁྱེར་ནང་གནས་སྡོད་བོད་མི་གང་ཙམ་འགྲེམས་སྟོན་གཟིགས་ཆེད་ཕེབས་ཡོད་པ་མ་ཟད། སྐབས་དེར་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་སྐུ་མགྲོན་གཙོ་བོར་ཆེད་ཕེབས་གནང་འདུག
དེ་ཡང་དབུ་འབྱེད་མཛད་སྒོ་གྲུབ་རྗེས་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཚན་པའི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་དྷ་ས་བཞུགས་སྒར་གངས་ཅན་སྐྱིད་གཤོང་དུ་བོད་ཀྱི་འགྲེམས་སྟོན་ཁང་གསར་རྒྱག་ལས་གཞི་འགྲོ་མུས་ཡིན་སྟབས་འགྲེམས་སྟོན་རྒྱ་སྐྱེད་ལས་གཞི་དེར་དམིགས་ནས་ཐེངས་འདིར་དཔལ་འབྱོར་འདུ་འགོད་ཆེད་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཚན་པའི་ལས་བྱེད་གཉིས་ཆེད་མངགས་ཁེ་ན་ཌ་དང་ཨ་རིའི་གྲོང་ཁྱེར་ཁག་གཅིག་ནང་སྐོར་སྐྱོད་དུ་བསླེབས་པའི་སྐོར་སོགས་ངོ་སྤྲོད་གནང་འདུག
དེ་རྗེས་དངོས་བྱུང་གློག་བརྙན་ ‘Out of this world: A journey into Forbidden Tibet’ ཞེས་པ་བསྟན་འདུག གློག་བརྙན་དེ་ནི་ཕྱི་ལོ་ ༡༩༤༩ ལོར་ཨ་རིའི་གསར་འགོད་པ་དང་རླུང་འཕྲིན་ལས་རིམ་རྒྱང་སྲིང་བ་སྐུ་ཞབས་ལོ་ཝེལ་ཐོ་མ་སི་Lowell Thomas ལགས་དང་ཁོང་གི་བུ་གཉིས་བོད་དུ་སྐྱོད་སྐབས་ས་གནས་སུ་མཐོང་ཐོས་མྱོང་གསུམ་གྱི་གནས་ཚུལ་ཕྱོགས་སྒྲིག་གནང་བའི་དངོས་བྱུང་གློག་བརྙན་ཞིག་ཡིན་འདུག
ཐེངས་འདིའི་པར་རིས་འགྲེམས་སྟོན་དེ་བཞིན་ནེའུ་ཡོག་དང་ནེའུ་ཇར་སེ་བོད་རིགས་སྤྱི་མཐུན་ཚོགས་པ་དང་། ཕྱི་དྲིལ་འགྲེམས་སྟོན་ཚན་པ་བཅས་མཉམ་འབྲེལ་གྱིས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང་། འགྲེམས་སྟོན་སྐབས་ཨ་རིའི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇོ་སེབ་ཁརའོ་ལེ་ Mr. Joseph Crawley མཆོགས་གིས་གཙོས་བོད་པའི་སློབ་ཕྲུག་དང་མི་སྣ་རྒན་པ་སོགས་འགྲེམས་སྟོན་གཟིགས་པར་ཕེབས་འདུག
བོད་ཀྱི་འགྲེམས་སྟོན་ཚན་པའི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་གྲོས་ཚོགས་འཐུས་མི་མཆོག་ལ། “བོད་ཀྱི་ལོ་རྒྱུས་ལ་འཁྱུག་ཙམ་ལྟ་བ་” Glimpses of the history of Tibet ཞེས་པའི་དེབ་ཅིག་ལེགས་སྐྱེས་སུ་ཕུལ་ཡོད་པ་བཅས།