༢༠༡༨ ཟླ་ ༥ ཚེས་ ༡༤ རེས་གཟའ་ཟླ་བ།
༄༅། །དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་འཇར་མན་དུ་ཉིན་ལྔའི་རིང་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་པའི་སྐབས་ཏེ་ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡༢ ཉིན་གྲོང་ཁྱེར་ཕེ་རེངྐ་ཕོཌ་ Frankfurt ནང་དུ་འཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པ་ Tibet Initiative Deutschland བཙུགས་ནས་ལོ་འཁོར་ཚོགས་ཆེན་ཐེངས་སུམ་ཅུ་པའི་ཚོགས་མགོན་དུ་ཕེབས་འདུག
ཚོགས་པ་དེ་ནི་གཞུང་འབྲེལ་མིན་པའི་ཁེ་མེད་ཚོགས་པ་ཞིག་དང་། ཆབ་སྲིད་ཚོགས་པ་གང་ཡང་མིན་ཞིང་ཕྱི་ལོ་ ༡༩༨༩ ལོ་ནས་བཟུང་ད་བར་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལ་རྒྱབ་སྐྱོར་དང་། བོད་མི་རྣམས་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཆེད་ལས་འགུལ་བསྟུད་མར་སྤེལ་བཞིན་ཡོད་འདུག སྲིད་སྐྱོང་མཆོག་གིས་འཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པས་མ་སྐུལ་དང་བླངས་ཐོག་ནས་བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་བ་མ་ཟད།
འདི་ལོར་མཚོན་ན་ད་བར་འཇར་མན་གྲོང་ཁྱེར་ ༣༦༡ ནང་བོད་ཀྱི་རྒྱལ་དར་སྒྲེངས་འཛུགས་གནང་ཐུབ་ཡོད་པ་དང་། ད་བར་ལོ་ངོ་སུམ་ཅུའི་རིང་ཆོད་སེམས་བརྟན་པོས་བོད་མི་དང་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཡི་རངས་བསྔགས་བརྗོད་དང་ཐུགས་རྗེ་ཆེ་གསུང་དོན།
ང་རང་དེ་རིང་འདིར་དངོས་སུ་བཅར་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་ཁྱེད་རྣམ་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་ནང་གི་གནས་སྟངས་ལ་མཚོན་ན་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དམ་བསྒྲགས་ཅན་གྱི་སྲིད་བྱུས་མུ་མཐུད་ལག་བསྟར་བྱེད་བཞིན་པར་བརྟེན་ཕྱི་ལོ་ ༢༠༠༩ ནས་ད་བར་བོད་མི་ ༡༥༢ ནས་འུ་ཐུག་ཐབས་ཟད་ཀྱིས་རང་གི་གཅེས་པའི་ལུས་སྲོག་ཚུན་ཆད་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་བློས་གཏོང་གནང་ཡོད།
དེ་བཞིན་བོད་མི་བཀྲ་ཤིས་དབང་ཕྱུག་ཞུ་བ་ཁོང་གིས་རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་གསལ་བའི་གྲངས་ཉུང་མི་རིགས་ས་ཁོངས་སུ་སྐད་ཡིག་སྲུང་སྐྱོབ་བྱ་རྒྱུའི་ཆ་རྐྱེན་གཞི་ལ་བཞག་ནས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་སླད་ཞུ་གཏུག་གི་ལས་འགུལ་སྤེལ་སྐབས་རྒྱ་ནག་གཞུང་གིས་ཁོང་འཛིན་བཟུང་བཀག་ཉར་འོག་མུ་མཐུད་བཅུག་ཡོད་པར་བརྟེན། ད་ལྟའི་བོད་ནང་གི་གནས་སྟངས་ནི་དེ་སྔ་རིག་གནས་གསར་བརྗེ་བསྐྱར་ལངས་ལྟ་བུ་ཡོད་སྟབས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བཏང་སྙོམས་སུ་གནས་ཐབས་རྩ་བ་ནས་མེད། ད་ལྟ་བོད་མིར་འཕྲད་བཞིན་པའི་དཀའ་ངལ་འདི་སང་ཁྱེད་རྣམ་པ་ཚོ་ལའང་འཕྲད་སྲིད་པ་ཞིག་རེད།
དེང་སྐབས་རྒྱ་ནག་དམར་ཤོག་ཚོགས་པའི་དཔལ་འབྱོར་དང་དམག་ཤུགས་གང་ཅིའི་ཐོག་སྟོབས་ཤུགས་ཇེ་ཆེར་རྒྱས་བཞིན་པའི་སྐབས་འདིར་འཛམ་གླིང་ནང་གི་གུ་ཡངས་མང་གཙོའི་རིང་ལུགས་ལ་ལམ་བཟང་ངན་གང་དུ་སྐྱོད་རྒྱུའི་འདམ་ག་ཡོད་པ་ཞིག་རེད།
བོད་མི་ཚོས་སྙིང་སྟོབས་ནམ་ཡང་མ་ཞུམ་པར་བོད་དོན་བདེན་མཐའ་མ་གསལ་བར་དུ་དྲང་བདེན་དང་འཚེ་མེད་ཞི་བ། མང་གཙོའི་རིང་ལུགས། འགྲོ་བ་མིའི་ཐོབ་ཐང་ཆེད་འཐབ་རྩོད་རྒྱུན་བྱ་རྒྱུ་ཡིན་པ་ང་ལ་ཡིད་ཆེས་གཙང་མ་ཡོད། ཅེས་གསུསང།