༢༠༡༨ ཟླ་ ༥ ཚེས་ ༡༧ རེས་གཟའ་ཕུར་བུ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ཀྱིས་བཏང་གནས་ནང་འཁོད་དོན། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་དང་སྤྱི་འཐུས་གླིང་ཚང་པདྨ་བདེ་ལེགས་ལགས་རྣམ་གཉིས་ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༤ ཚེས་ ༢༤ ནས་ཕྱི་ཟླ་ ༥ ཚེས་ ༡༠ བར་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ཀོ་ལི་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་དང་། རྒྱ་གར་ལྷོ་ཕྱོགས་ཏཱ་མིལ་ན་ཌུའི་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ཚོང་ལས་ཀྱི་སྒྲིག་འཛུགས་ཨུ་ཀྲི་སྐྱེད་ཚལ་གླིང་དང་། ཀོ་ཌཱེ་ཀ་ནལ་བཅས་ལ་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་པར་གྲུབ་སྟེ་ཕྱི་ཚེས་ ༨ ཉིན་སྤྱི་འཐུས་རྣམ་པ་སོ་སོའི་བཞུགས་གནས་སུ་ཕེབས་ཐོན་གནང་ཡོད་འདུག
དེ་ཡང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ཕྱི་ཟླ་ ༤ ཚེས་ ༢༤ ཉིན་རྡ་ས་ནས་ལྡི་ལི་བརྒྱུད་བྷེང་ལོར་དུ་ཕེབས་ཐོན་གནང་བ་དང་། ཕྱི་ཚེས་ ༣༠ ཉིན་སྤྱི་འཐུས་མཆོག་དང་། སྤྱི་འཐུས་གླིང་ཚང་པདྨ་བདེ་ལེགས་རྣམ་གཉིས་སྦེལ་ཀོབ་གཞིས་ཆགས་ནས་ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་སུ་ཕེབས་ཐོན་གནང་འདུག དེ་ཉིན་དགོང་མོ་ས་གནས་སུ་འབྱོར་མཚམས་ས་གནས་འགོ་འཛིན་དང་། ས་འཐུས་ཚོགས་གཙོ། རང་བདེན་ཚོགས་གཙོ། མཉམ་འབྲེལ་དྲུང་ཆེ་སོགས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་གནང་ཡོད་པ་དང་། དེ་བཞིན་གོང་འཁོད་ས་གནས་གཞན་ལ་ཕེབས་སྐབས་ཀྱང་ས་གནས་ཀྱི་འབྲེལ་ཡོད་རྣམས་ནས་སྣེ་ལེན་ཕེབས་བསུ་ཞུས་གནང་ཡོད་འདུག
ཕྱི་ཟླ་ ༥ ཚེས་ ༡ ཉིན་ནས་ས་གནས་ཁག་གི་ལས་རིམ་དབུ་འཛུགས་ཀྱིས་ཐོག་མར་ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་ཀྱི་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་འཐུས་མི། ས་གནས་འགོ་འཛིན་དང་ལས་བྱེད། ས་གནས་མཉམ་འབྲེལ་དྲུང་ཆེ་དང་ལས་བྱེད། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་དང་ཚོགས་མི། ས་གནས་གཞོན་ནུ་དང་ས་གནས་བུད་མེད་ཀྱི་སྐུ་ཚབ་སོགས་ས་གནས་ཀྱི་གནད་ཡོད་མི་སྣ་རྣམས་དང་ལྷན་ས་གནས་ནང་ལས་དོན་ཡར་རྒྱས་གང་གཏོང་དགོས་པ་དང་། འཐུས་ཤོར་དུ་ཕྱིན་པ་གང་ཡོད་སོགས་ཀྱི་སྐོར་ལ་བཞུགས་མོལ་ཚོགས་འདུ་ཞིག་ཚོགས་གནང་ཡོད་པ་དང་། དེ་ནས་ས་གནས་འགོ་འཛིན་ལས་ཁང་དང་། ས་གནས་མཉམ་འབྲེལ་ལས་ཁང་། ས་གནས་འཐུས་ཚོགས། ས་གནས་རང་བདེན་ཚོགས་ཆུང་། ས་གནས་སྨན་རྩིས་ཁང་ཡན་ལག། ས་གནས་འཕྲོད་བསྟེན་སྨན་ཁང་། མཉམ་འབྲེལ་ཚོང་ཁང་། མཉམ་འབྲེལ་འཕྲུལ་རྨོས་སྡེ་ཚན། ས་གནས་ཀྱི་རྒས་གསོ་ཁང་བཅས་ལ་གཟིགས་བསྐོར་ཕེབས་ནས་གནས་སྟངས་གཟིགས་ཞིབ་གནང་ཡོད་འདུག ཕྱི་ཚེས་ ༢ ཉིན་ཀོ་ལི་གྷལ་གཞིས་ཆགས་ཀྱི་སློབ་གྲྭར་གཟིགས་བསྐོར་དང་། གནས་སྟངས་རྒྱུས་ལོན། དེ་བཞིན་སློབ་ཕྲུག་རྣམས་དང་མཇལ་འཕྲད་ཀྱིས་གསུང་བཤད་གནང་ཡོད་པ་མ་ཟད། ཕྱི་དྲོ་ས་གནས་མི་མང་དང་མཇལ་འཕྲད་ཀྱིས་གསུང་བཤད་ཀྱང་གནང་ཡོད་འདུག རིམ་བཞིན་ལས་རིམ་ལྟར་ཨུ་ཀྲི་སྐྱེད་ཚལ་གླིང་དང་། ཀོ་ཌཱེ་ཀ་ནལ་ས་གནས་སུ་ཕེབས་ཏེ་མི་མང་མཇལ་འཕྲད་ཀྱིས་གསུང་བཤད་དང་གནས་སྟངས་རྒྱུས་ལོན་གནང་འདུག
གཟིགས་བསྐོར་ཕྱོགས་ཕེབས་སྐབས་ས་གནས་སོ་སོའི་སློབ་ཕྲུག་དང་མི་མང་གི་བསམ་ཚུལ་བསྡུ་ལེན། བཞུགས་མོལ་ཚོགས་འདུ་ཐེངས་ ༡། སློབ་ཕྲུག་དང་མི་མང་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་པ་གཉིས་ནས་གསུང་བཤད་ཐེངས་ ༤ གནང་ཡོད་པ་དང་། ཐེངས་འདིའི་མི་མང་འདུ་འཛོམས་སྐབས་སོ་སོར། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ཆབ་སྲིད་ལངས་ཕྱོགས། རྒྱལ་སྤྱིའི་གནས་བབས། རྒྱ་ནག་དང་བོད་ནང་གི་གནས་སྟངས་སོགས་ཀྱི་སྐོར་དང་། སྤྱི་འཐུས་གླིང་ཚང་པདྨ་བདེ་ལེགས་ལགས་གིས་གྲོས་ཚོགས་ཀྱི་ལས་རིམ་དང་འབྲེལ་བའི་དོན་གནད་ཁག བོད་མིའི་སྒྲིག་འཛུགས་ངོས་ནས་ཤེས་ཡོན་དང་། འཕྲོད་བསྟེན། འཚོ་ཐབས་སོགས་ཀྱི་སྐོར་ལ་ལས་དོན་གནང་ཕྱོགས་བཅས་ཀྱི་ཐོག་གསུང་བཤད་དང་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད།
ལྷག་པར་དུ་ཐེངས་འདིའི་གཟིགས་བསྐོར་སྐབས་སྤྱི་འཐུས་རྣམ་པ་གཉིས་ནས་ཀོ་ལི་གྷལ་གཞིས་ཆགས་ཀྱི་སློབ་གྲྭར་གཟིགས་བསྐོར་ཕེབས་སྐབས། སློབ་ཕྲུག་རྣམས་ལ་ཤེས་ཡོན་གྱི་གལ་གནད་སྐོར་ལ་གསུང་བཤད་གནང་བ་དང་། ད་དུང་སློབ་གྲྭའི་རྒྱ་གར་གྱི་དགེ་རྒན་རྣམས་ལ་མི་ལོ་ ༦༠ ཉེ་བའི་རིང་རྒྱ་གར་གཞུང་གིས་བཙན་བྱོལ་བོད་པའི་འཚོ་ཐབས་སྤྱི་དང་། སློབ་གསོའི་སྐོར་ལ་རོགས་རམ་གནང་བར་བཀའ་དྲིན་ཆེ་ཞུས་དང་། ཁོང་རྣམས་ལ་དམིགས་བསལ་གྱིས་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་མ་ཟད། བོད་པའི་དགེ་རྒན་རྣམས་ལ་མུ་མཐུད་འབད་བརྩོན་གནང་དགོས་པ་དང་། བོད་པ་ཤེས་ཡོན་གྱི་ཐོག་ནས་རང་འགན་རང་གིས་འཁུར་ཐུབ་པ་དགོས་པའི་སྐུལ་ལྕག་ཀྱང་གནང་ཡོད་འདུག
དེ་བཞིན་ཨུ་ཀྲི་སྐྱེད་ཚལ་གླིང་གི་ས་གནས་དཀའ་ངལ་རྣམས་དེ་སྔོན་སྤྱི་འཐུས་འཚམས་གཟིགས་སྐབས་དང་། ལོ་སྔོན་མའི་ས་བགོས་ཕྱོགས་བསྐྱོད་སྐབས་སོགས་སུ་ས་གནས་ནས་དཀའ་སེལ་ཡོང་བའི་རེ་སྐུལ་ཞུས་འདུག་པ་བཞིན། ལྷག་པར་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་ཨུ་ཀྲི་ས་གནས་ནང་སྔ་རྗེས་སུ་ཆེད་ཕེབས་ཀྱིས་མི་མང་ལ་གོ་བསྡུར་གནང་འདུག་པ་མ་ཟད། ས་གནས་ཀྱི་རྫོང་དཔོན་སོགས་འབྲེལ་ཡོད་དཔོན་རིགས་ཁག་ལ་འབོད་སྐུལ་ཞུ་གཏུག་གནང་ནས་དོན་ཕན་ཆེན་པོ་སོན་འདུག་པར་ས་གནས་ཚོགས་པའི་ངོས་ནས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་དབུས་སྤྱི་འཐུས་རྣམ་པ་དང་། དབུས་སའི་འཛིན་སྐྱོང་གི་འགན་གཙོ་ཐུགས་འཁུར་བཞེས་གནང་མཁན་ཚང་མར་བཀའ་དྲིན་ཐུགས་རྗེ་ཆེ་ཞུའི་ཡི་གེ་ཞིག་ཀྱང་ཕུལ་འདུག
དེ་བཞིན་སློབ་ཕྲུག་དང། མི་མང་། ཁོངས་སོ་སོ་ནས་དཀའ་སེལ་མཇུག་སྐྱོང་དགོས་རིགས་སྙན་ཞུ་དང་། ཉམ་ཐག་གི་གནས་ཚུལ་རྒྱུས་ལོན་དང་དཀའ་སེལ་མཇུག་སྐྱོང་། མི་མང་། སློབ་གྲྭ་སོགས་ཀྱི་གནས་སྟངས་ཐོག་གཟིགས་ཞིབ་གནང་ཆེད་ཕར་ཕེབས་ཚུར་འོང་ཐེ་བའི་ཁྱོན་ཉིན་གྲངས་ ༡༧ ཙམ་གྱི་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱི་ལས་དོན་ཡོངས་སུ་གྲུབ་པ་གནང་ཡོད་འདུག ད་རེས་སྤྱི་འཐུས་རྣམ་པ་གཉིས་ས་བགོས་ལྟར་ཕྱོགས་བསྐྱོད་ཕེབས་རིང་ས་གནས་སོ་སོ་ནས་བདེ་སྡུག་ཞུས་ཁག་ལ་འབྲེལ་ཡོད་ལྷན་ཁང་སོ་སོས་དཀའ་སེལ་དགོངས་བཞེས་དང་འབྲེལ་བའི་ཕྱག་བསྟར་མཇུག་སྐྱོང་གནང་དགོས་རིགས་རྣམས་དོན་གནད་རེ་རེ་བཞིན་སྤྱི་འཐུས་རྒྱུན་ལས་བརྒྱུད་འཛིན་སྐྱོང་བཀའ་ཤག་ལ་འབུལ་ལམ་ཞུ་རྒྱུ་ཡིིན་པ་བཅས་ཀྱི་གནས་ཚུལ་དུ།