ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡༦ རེས་གཟའ་ལྷག་པ།
༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡༦ དང་བོད་ཟླ་བཞི་པའི་ཚེས་གཅིག་སྟེ་ས་ག་ཟླ་བའི་ཉིན་དང་བསྟུན། སྔ་དྲོ་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཇོ་ལུགས་སྤྱན་རས་གཟིགས་ཡི་གེ་དྲུག་མའི་རྗེས་གནང་བཀའ་དྲིན་བསྩལ། དེ་ཡང་ཐོག་མར་རྣམ་གྲྭ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་གྲྭ་བཙུན་སྔགས་གསུམ། དེ་བཞིན་ཕྱིའི་རྒྱལ་ཁབ་ ༥༡ ལྷག་གི་མི་མང་བཅས་ཁྱོན་ཆོས་ཞུ་བ་སེར་སྐྱ་སྡོམ་མི་གྲངས་ ༦༠༠༠ བརྒལ་བ་བཅར་འདུག
སྔ་དྲོ་ཆུ་ཚོད་ ༧།༣༠ ཡོལ་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་བཀའ་སློབ་སྩལ་དོན།
ལོ་ལྟར་མ་ཎི་དུང་སྒྲུབ་འཚོགས་ཀྱི་ཡོད་པ་རེད། དེ་རིང་འདིར་མ་ཎི་དུང་སྒྲུབ་ཀྱི་དབུ་ཚུགས་ཏེ་དེའི་སྒྲུབ་ཕྱོགས་སུ་སྤྱན་རས་གཟིགས་ཕྱག་བཞི་བའི་ཐོག་ནས་ཡིན་པ་ཡོད། སྔོན་མ་ངོས་རང་གིས་སྐབས་རེར་བྱིན་རླབས་བྱེད་ཀྱི་ཡོད་པ་རེད། འཆར་ཅན་ཕལ་ཆེར་ཡོང་ཐུབ་ཡོད་པ་མ་རེད། དེ་རིང་འདིར་སྤྱན་རས་གཟིགས་ཀྱི་རྗེས་གནང་ཞིག་བྱེད་དགོས་དྲན་བྱུང་། རྗེས་གནང་འདི་ནི་རིན་འབྱུང་བརྒྱ་རྩའི་ནང་ཡོད་པའི་སྤྱན་རས་གཟིགས་ཇོ་ལུགས་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་ཅན་འདུམ་བདེ་བོ་ཡག་པོ་ཡོད་པ་རེད།
དེར་བརྟེན་རྗེས་གནང་ཞིག་འདོན་དགོས་བསམ་པ་དྲན་བྱུང་། ངོས་རང་ཆུང་ཆུང་སྐབས་སུ་རིན་འབྱུང་བརྒྱ་རྩའི་རྗེས་གནང་དེ་སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་ཐོབ་པ་རེད། སྤྱན་རས་གཟིགས་འདི་གའི་ཐོག་ནས་སྒོས་ཀྱི་བསྙེན་པ་དམིགས་བསལ་བྱས་ཡོད་མ་རེད་དེ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་དང་ངན་སོང་ཀུན་གྲོལ། དེ་བཞིན་༸གོང་ས་ལྔ་པ་ཆེན་པོའི་དག་སྣང་རྒྱ་ཆེན་ནང་གི་ལོ་ཀེ་ཤྭ་ར་ལྷ་དགུ་བཅས་ཀྱི་ཐོག་ནས་ངོས་ཀྱིས་མ་ཎིའི་བསྙེན་པ་ཕལ་ཆེར་ས་ཡ་གཅིག་གཉིས་ཤིག་བཏང་ཡོད་པ་རེད། མ་ཎི་འབྲུ་འབུམ་འབྲུ་འབུམ་བསགས་ནས་བསྙེན་པ་དགའ་རབ་ཕྱིན་ཡོད་པ་རེད།
དེར་བརྟེན་དེ་རིང་འདིར་དེའི་རྗེས་གནང་ཞིག་བྱེད་དགོས་དྲན་པ་རེད། ཅེས་བཀའ་སློབ་སྩལ་རྗེས་ཆུ་ཚོད་ ༧།༤༠ ཙམ་ལ་མི་མང་བྱིངས་ཀྱིས་མུ་མཐུད་མ་ཎི་བགྲངས་དགོས་པའི་བཀའ་ཕེབས་པ་དང་འབྲེལ་མགོན་པོ་གང་ཉིད་མཆོག་གིས་སྒྲུབ་ཞག་མཛད།
སྒྲུབ་ཞག་གྲུབ་མཚམས་བཀའ་སློབ་སྩལ་དོན། སྔགས་ཀྱི་ཆོ་ག་ཇི་འདྲ་ཞིག་བཏོན་པ་ཡིན་ནའང་བླ་མ་ཡི་དམ་རང་སེམས་ངོ་བོ་དབྱེར་མེད་དུ་བྱས་ནས་ཟློས་པ་བསགས་དགོས་པ་རེད། ང་རྒྱལ་དང་གསལ་སྣང་དེ་ལྟར་འདོན་དགོས་པ་རེད། ཡི་དམ་ཞེས་ཕར་ཕྱོགས་ཤིག་ཏུ་ཟུར་དུ་ཡོད་པ་ཞིག་དང་ང་རང་ཚོ་སོ་སྐྱེས་ཐ་མལ་པར་བསམ་བློ་བཏང་ན་འགྲིག་གི་ཡོད་པ་མ་རེད། སྔགས་ཀྱི་ཟབ་ཁྱད་ནི་ད་ལྟ་ནས་ཁམས་བདེ་གཤེགས་སྙིང་པོ་ནི་ད་ལྟ་དྲི་བཅས་ཡིན་ཀྱང་། ང་རང་ཚོས་སྟོང་ཉིད་སྒོམ་ནས་ཁམས་བདེ་གཤེགས་སྙིང་པོ་དྲི་བྲལ་དུ་གྱུར་བར་སྨོན་ནས་དེ་ལ་བསམ་བློ་གཏོང་དུས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། ། ཞེས་པ་དེ་རེད། ཞེས་སོགས་ཆོས་འཁོར་རིམ་པ་གསུམ་དང་འབྲེལ་ནས་ངོ་སྤྲོད་རྒྱ་ཆེར་མཛད་པ་དང་།
དེ་ནས་རྗེས་གནང་གི་ཆོ་ག་དབུ་འཛུགས་ཀྱིས་བྱང་ཆུབ་སེམས་དཔའི་སྡོམ་པ་འབོགས་ཆོག་དང་མ་ཎི་ཡི་གེ་དྲུག་མར་འགྲེལ་བཤད་གནང་སྟེ། རྗེས་གནང་དངོས་གཞི་བཅས་རིམ་པར་སྩལ་རྗེས་ཀྱི་ཆུ་ཚོད་ ༩ ཡོལ་ཙམ་ལ་རང་ལུགས་ས་ག་ཟླ་བའི་ཚེས་གཅིག་ཉིན་གྱི་མ་ཎི་དུང་སྒྲུབ་དབུ་འཛུགས་སུ་ཇོ་བོ་རྗེའི་ལུགས་ཀྱི་སྤྱན་རས་གཟིགས་ཡི་གེ་དྲུག་མའི་རྗེས་གནང་གནང་སྒོ་མཇུག་ལེགས་པར་གྲུབ་ཡོད་པ་བཅས།།