༢༠༡༨ ཟླ་ ༥ ཚེས་ ༩ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༢༨ ནས་ཟླ་ ༥ ཚེས་ ༦ བར་ཉི་ཧོང་སྐུ་ཚབ་དོན་གཅོད་ཁང་གི་གོ་སྒྲིག་འོག་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་སེར་བྱེས་མཁས་སྙན་གྲྭ་ཚང་གི་དགེ་འདུན་པས་ཉིན་གྲངས་ ༩ རིང་ཉི་ཧོང་གི་འགྲེམས་སྟོན་ཁང་Aida Mitsuo Museumཞེས་པའི་ནང་འཛམ་གླིང་ཞི་བདེ་དང་འཆམ་མཐུན་ཡོང་སླད་བོད་ཀྱི་སྲོལ་རྒྱུན་རིག་གཞུང་འགྲེམས་སྟོན་གནང་འདུག
ཉིན་གྲངས་དགུའི་རིང་བོད་ཀྱི་དུས་སྟོན་སྲུང་བརྩི་ཞུ་སྐབས་བོད་བརྒྱུད་ནང་བསྟན་གྱི་རྡུལ་ཚོན་དཀྱིལ་འཁོར་བཞེངས་སྟངས་དང་། གར་འཆམ་འཁྲབ་སྟོན། མོ། སྒོམ་སྒྲུབ་ཉམས་ལེན་སོགས་ཀྱི་སྐོར་ངོ་སྤྲོད་གནང་འདུག་པ་མ་ཟད། དགེ་འདུན་པ་རྒན་པ་ཁག་གཅིག་གིས་སེར་བྱེས་གྲྭ་ཚང་དུ་ཉིན་ཞག་ཕྲུགས་གཅིག་རིང་དགེ་འདུན་པ་ཚོས་བསླབ་པ་སློབ་གཉེར་གནང་ཕྱོགས་སྐོར་དང་། རྒྱུད་སྡེའི་སྐོར། རྡུལ་ཚོན་དཀྱིལ་འཁོར་གྱི་འགྲེལ་བཤད། དེ་བཞིན། “བྱམས་བརྩེ་ནི་བདེ་སྐྱིད་ཀྱི་རྩ་བ་ཡིན།” ཞེས་དང་། “སེམས་དཔའ་བཟང་པོ་དགོས་པ་” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་འདུག
སྐབས་དེར་གསུང་སྒྱུར་བ་ཉི་ཧོང་མི་རིགས་ལྕམ་སྐུ་Ms. Yamaguchi Naoko ཞུ་བ་ཁོང་ཡིན་འདུག ཁོ་མོ་དེ་སྔ་བཞུགས་སྒར་མཚན་ཉིད་སློབ་གྲྭའི་ནང་ལོ་ངོ་ཉི་ཤུ་ཙམ་རིང་ནང་ཆོས་ལ་སློབ་གཉེར་གནང་མྱོང་འདུག
དེ་ཡང་མཇུག་སྡོམ་མཛད་སྒོའི་ཉིན་གྱི་ཕྱེད་ཡོལ་དུ་སེ་ཕུ་Seifuསློབ་གྲྭ་ཆེ་བའི་འཛིན་སྐྱོང་འགན་འཛིན་སྐུ་ཞབས་ཀོ་ཡེ་ཅི་ཧི་རའོ་ཀ་Koichi Hiraokaལགས་ཀྱིས། “བོད་དང་ཉི་ཧོང་དབར་ནང་ཆོས་སློབ་གཉེར་འཆད་ཉན་གྱི་འབྲེལ་ལམ་” ཞེས་པའི་བརྗོད་གཞི་དང་། སྨན་པ་ཉི་ཤི་ཀུ་ར་ཚེ་དབང་ལགས་ཀྱིས་Dr. Nishikura Tsewang “ཉི་ཧོང་ནང་གི་བོད་པའི་སྨན་པ།” ཞེས་དང་།
དེ་བཞིན་ཝ་སེ་དཱ་གཙུག་ལག་སློབ་གཉེར་ཁང་ Waseda University གི་སློབ་དཔོན་སྐུ་ཞབས་ཨི་ཤི་ཧ་མ་ཡུ་མི་ཀོ་ Prof. Ishihama Yumiko ལགས་ཀྱིས། “ཏཱ་ལའི་བླ་མ་མཆོག་དང་བོད་” ཅེས་པའི་བརྗོད་གཞི་དང་། སོག་པོའི་ལོ་རྒྱུས་ཐོག་གི་མཁས་དབང་སྐུ་ཞབས་མི་ཡ་ཝ་ཀི་ཇུན་ཀོ་ Miyawaki Junko ལགས་ཀྱིས་ “སོག་པོ་རྣམས་བོད་བརྒྱུད་ནང་བསྟན་གྱི་རྗེས་འབྲང་པ་ཆགས་དགོས་དོན་གང་ཡིན་” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བ་མ་ཟད། Aida Mitsuo Museum ཞེས་པའི་འགྲེམས་སྟོན་ཁང་དེའི་འགན་འཛིན་སྐུ་ཞབས་ཨེ་དཱ་ཀ་ཛུ་ཧི་ཊོ་Aida Kazuhitoལགས་ཀྱིས་འགྲེམས་སྟོན་ཁང་དེའི་སྐོར་ངོ་སྤྲོད་གནང་འདུག
གཞན་ཡང་སྐབས་དེར་བོད་ཀྱི་ལོ་རྒྱུས་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ནང་བཙན་འཛུལ་བྱས་རྗེས་བོད་མི་རྣམས་བྲོས་བྱོལ་དུ་ཕྱིན་པའི་སྐོར། བོད་མི་བཙན་བྱོལ་བའི་ཤེས་ཡོན་གྱི་གནས་སྟངས། བོད་མི་བཙན་བྱོལ་བ་རྣམས་ཀྱིས་བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་ཇི་ལྟར་བྱས་པའི་སྐོར་དངོས་བྱུང་གློག་བརྙན་བསྟན་ནས་ཐེངས་འདིར་མཛད་སྒོ་ལེགས་པར་གྲུབ་འདུག །